中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་།
དུས་ཚོད།2022-03-23 17:35:17     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    དོན་ཚན་སུམ་བརྒྱ་དང་སོ་དྲུག་པ། འགན་གཙང་ལེན་བྱེད་ཡུན་ནང་དུ་འགན་གཙང་སྤྲོད་བྱེད་མིས་འགན་གཙང་ལེན་བྱས་པའི་ས་ཞིང་སྙོམས་སྒྲིག་བྱས་མི་ཆོག
    རང་བྱུང་བྱུར་ཉེས་ཀྱི་རྐྱེན་གྱིས་འགན་གཙང་ལེན་བྱས་པའི་ས་ཞིང་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ་སོགས་ཀྱི་གནས་ཚུལ་དམིགས་བསལ་ཅན་བྱུང་བས། འགན་གཙང་ལེན་བྱས་པའི་རྨོ་ཞིང་དང་རྩྭ་ས་སྙོམས་སྒྲིག་འོས་འཚམ་བྱེད་དགོས་བྱུང་ཚེ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྒྲུབ་དགོས།
    དོན་ཚན་སུམ་བརྒྱ་དང་སོ་བདུན་པ། འགན་གཙང་ལེན་བྱེད་ཡུན་ནང་དུ་འགན་གཙང་སྤྲོད་བྱེད་མིས་འགན་གཙང་ལེན་བྱས་པའི་ས་ཞིང་ཕྱིར་བསྡུ་བྱས་མི་ཆོག བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་ཡིན་ན། དེའི་གཏན་འབེབས་གཞིར་འཛིན་དགོས།
    དོན་ཚན་སུམ་བརྒྱ་དང་སོ་བརྒྱད་པ། འགན་གཙང་ལེན་བྱས་པའི་ས་ཞིང་གཞུང་བསྡུ་བྱས་ཚེ། ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་པའི་དབང་བདག་ལ་བཅའ་ཁྲིམས་འདིའི་དོན་ཚན་ཉིས་བརྒྱ་དང་ཞེ་གསུམ་པའི་གཏན་འབེབས་ལྟར་གུན་གསབ་འོས་མཐུན་ཐོབ་དབང་ཡོད།
    དོན་ཚན་སུམ་བརྒྱ་དང་སོ་དགུ་པ། ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་པའི་དབང་བདག་གིས་ཁྲིམས་ལྟར་བོགས་མར་གཏོང་བ་དང་། མ་རྐང་ལ་འཇོག་པ། ཡང་ན་བྱེད་ཐབས་གཞན་སྤྱོད་པ་བཅས་ཀྱི་ཐོག་ནས་མི་གཞན་ལ་ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་སྒྱུར་བྱེད་རྒྱུ་རང་རྐྱ་འཕེར་བར་ཐག་གཅོད་བྱས་ཆོག
    དོན་ཚན་སུམ་བརྒྱ་དང་བཞི་བཅུ་པ། ས་ཞིང་གཉེར་སྐྱོང་བྱེད་པའི་དབང་བདག་ལ་གན་རྒྱའི་ནང་གྲོས་དན་བཞག་པའི་དུས་བཀག་ནང་དུ་གྲོང་གསེབ་ཀྱི་ས་ཞིང་བདག་འཛིན་བྱེད་དབང་ཡོད་པ་དང་། རང་རྐྱ་འཕེར་བར་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པ་དང་ཁེ་འབབ་ལེན་དབང་ཡོད།
    དོན་ཚན་སུམ་བརྒྱ་དང་ཞེ་གཅིག་པ། ས་ཞིང་འཁོར་སྒྱུར་བྱེད་པའི་དུས་བཀག་ལོ་ལྔ་ཡན་གྱི་ས་ཞིང་གཉེར་སྐྱོང་བྱེད་དབང་ནི། འཁོར་སྒྱུར་བྱ་རྒྱུའི་གན་རྒྱར་ནུས་པ་འཐོན་དུས་འཛུགས་པ་ཡིན། དོ་བདག་གིས་ཐོ་འགོད་ལས་ཁུངས་ལ་ས་ཞིང་གཉེར་སྐྱོང་བྱེད་དབང་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ཆོག ཐོ་འགོད་མ་བྱས་པ་ཡིན་ན། སེམས་བཟང་ཕུང་གསུམ་པར་འགྲན་རྒོལ་བྱས་མི་ཆོག
    དོན་ཚན་སུམ་བརྒྱ་དང་ཞེ་གཉིས་པ། དམིགས་འགུག་དང་། ཧབ་འཚོང་། ཡོངས་གྲགས་སུ་གྲོས་མོལ་སོགས་ཀྱི་ཐབས་ལ་བརྟེན་ནས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་ལེན་བྱས་པ་དང་། ཁྲིམས་ལྟར་ཐོ་འགོད་བྱས་ནས་དབང་ཁོངས་ལག་ཁྱེར་ཐོབ་ཡོད་པ་ཡིན་ན། ཁྲིམས་ལྟར་བོགས་མར་གཏོང་བ་དང་། མ་རྐང་ལ་འཇོག་པ། གཏའ་མར་འཛུགས་པའམ་བྱེད་ཐབས་གཞན་དག་སྤྱོད་པ་བཅས་ཀྱི་ཐོག་ནས་ས་ཞིང་གཉེར་སྐྱོང་བྱེད་དབང་འཁོར་སྒྱུར་བྱས་ཆོག
    དོན་ཚན་སུམ་བརྒྱ་དང་ཞེ་གསུམ་པ། རྒྱལ་ཁབ་ལ་དབང་བའི་ཞིང་སྤྱོད་ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་པའི་ཚེ། ལེ་ཚན་འདིའི་འབྲེལ་ཡོད་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།
    ལེའུ་བཅུ་གཉིས་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་།
    དོན་ཚན་སུམ་བརྒྱ་དང་ཞེ་བཞི་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་དབང་བདག་ལ་བཅའ་ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བའི་ས་ཆ་བདག་འཛིན་དང་། བེད་སྤྱོད། ཁེ་འབབ་ལེན་པ་བཅས་བྱེད་པའི་ཁེ་དབང་ཡོད་པ་དང་། ས་ཆ་དེ་སྤྱད་ནས་བཟོ་སྐྲུན་དངོས་པོ་དང་། ཨར་སྐྲུན་དངོས་པོ། དེ་བཞིན་ཟུར་གཏོགས་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱེད་དབང་ཡོད།
    དོན་ཚན་སུམ་བརྒྱ་དང་ཞེ་ལྔ་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་ནི་ས་ཆ་དེའི་ས་ངོས་དང་ས་སྟེང་ངམ་ས་འོག་བཅས་སུ་སོ་སོར་བཙུགས་ཆོག
    དོན་ཚན་སུམ་བརྒྱ་དང་ཞེ་དྲུག་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་འཛུགས་པར། ཐོན་ཁུངས་གྲོན་ཆུང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དང་མཐུན་དགོས་པ་དང་། ས་ཞིང་སྤྱོད་སྒོའི་སྐོར་གྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་བརྩི་སྲུང་ཞུ་དགོས་ཤིང་། བཙུགས་ཟིན་པའི་བཀོལ་ཁེ་དངོས་དབང་ལ་གནོད་རྐྱེན་བཟོ་མི་ཆོག
    དོན་ཚན་སུམ་བརྒྱ་དང་ཞེ་བདུན་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་འཛུགས་པར་ནང་བཤུག་གམ་བཅད་སྤྲོད་སོགས་ཀྱི་བྱེད་ཐབས་སྤྱད་ཆོག
    བཟོ་ལས་དང་། ཚོང་ལས། ཡུལ་སྐོར། རོལ་རྩེད། ཚོང་ཟོག་སྡོད་ཁང་སོགས་ཚོང་གཉེར་རང་བཞིན་གྱི་ས་ཆ་དང་དེ་བཞིན་ས་ཆ་གཅིག་ལ་བཀོལ་སྤྱོད་བྱེད་འདོད་མི་གཉིས་ཡན་ཡོད་ཚེ། དམིགས་འགུག་དང་ཧབ་འཚོང་སོགས་ཡོངས་གྲགས་སུ་རིན་གོང་རྩོད་པའི་བྱེད་སྟངས་སྤྱད་དེ་ནང་བཤུག་བྱེད་དགོས།
    བཅད་སྤྲོད་བྱེད་སྟངས་ཐོག་ནས་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་འཛུགས་པ་བཀག་སྡོམ་ནན་མོ་བྱེད་དགོས།
    དོན་ཚན་སུམ་བརྒྱ་དང་ཞེ་བརྒྱད་པ། དམིགས་འགུག་དང་། ཧབ་འཚོང་། གྲོས་མཐུན་འཇོག་པ་སོགས་ནང་བཤུག་བྱེད་སྟངས་བརྒྱུད་དེ་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་འཛུགས་ཚེ། དོ་བདག་གིས་ཡིག་ཐོག་ནས་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་ནང་བཤུག་བྱེད་པའི་གན་རྒྱ་འཇོག་དགོས།
འཛུགས་སྐྲུན་ས་ཆ་བཀོལ་སྤྱོད་བྱེད་དབང་ནང་བཤུག་བྱེད་པའི་གན་རྒྱའི་ནང་དུ་སྤྱིར་བཏང་གཤམ་གསལ་གྱི་དོན་ཚན་ཡོད་པ་ཡིན།
    (གཅིག) དོ་བདག་གི་མིང་དང་གཞིས་གནས།
    (གཉིས།) ས་ཆའི་གནས་ཡུལ་དང་རྒྱ་ཁྱོན་སོགས།
    (གསུམ།) བཟོ་སྐྲུན་དངོས་པོ་དང་། ཨར་སྐྲུན་དངོས་པོ། དེ་བཞིན་ཟུར་གཏོགས་སྒྲིག་བཀོད་བཅས་ཀྱིས་བཟུང་བའི་བར་སྟོང་།
    (བཞི།) ས་ཆའི་སྤྱོད་སྒོ་དང་འཆར་འགོད་ཀྱི་ཆ་རྐྱེན།
    (ལྔ།) འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག
    (དྲུག) ནང་བཤུག་གྲོན་དངུལ་སོགས་འགྲོ་གྲོན་དང་དེ་སྤྲོད་སྟངས།
    (བདན།) རྩོད་གཞི་ཐག་གཅོད་བྱེད་ཐབས།
    དོན་ཚན་སུམ་བརྒྱ་དང་ཞེ་དགུ་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་འཛུགས་པར་ཐོ་འགོད་ལས་ཁུངས་ལ་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་ཐོ་འགོད་བྱེད་པའི་རེ་འདུན་ཞུ་དགོས། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་དེ་ཐོ་འགོད་བྱེད་དུས་ནས་འཛུགས་པ་ཡིན། ཐོ་འགོད་ལས་ཁུངས་ཀྱིས་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་དབང་བདག་ལ་དབང་ཁོངས་ལག་ཁྱེར་སྤྲོད་དགོས།
    དོན་ཚན་སུམ་བརྒྱ་དང་ལྔ་བཅུ་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་དབང་བདག་གིས་ས་ཆ་བཀོལ་སྤྱོད་ལུགས་མཐུན་བྱེད་དགོས་པ་ལས་ས་ཆའི་སྤྱོད་སྒོ་བསྒྱུར་མི་ཆོག ས་ཆའི་སྤྱོད་སྒོ་སྒྱུར་དགོས་བྱུང་ཚེ། ཁྲིམས་ལྟར་འབྲེལ་ཡོད་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གི་ཆོག་མཆན་འཐོབ་དགོས།
    དོན་ཚན་སུམ་བརྒྱ་དང་ང་གཅིག་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་དབང་བདག་གིས་བཅའ་ཁྲིམས་ཀྱི་གཏན་འབེབས་དང་གན་རྒྱའི་གྲོས་དན་ལྟར་ནང་བཤུག་གྲོན་དངུལ་སོགས་འགྲོ་གྲོན་སྤྲོད་དགོས།
    དོན་ཚན་སུམ་བརྒྱ་དང་ང་གཉིས་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་དབང་བདག་གིས་བསྐྲུན་པའི་བཟོ་སྐྲུན་དངོས་པོ་དང་། ཨར་སྐྲུན་དངོས་པོ། དེ་བཞིན་ཟུར་གཏོགས་སྒྲིག་བཀོད་བཅས་ཀྱི་བདག་དབང་ནི་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་དབང་བདག་ལ་དབང་བ་ཡིན། ཡིན་ན་ཡང་དེ་ལས་ལྡོག་པ་བདེན་དཔང་བྱེད་ཐུབ་པའི་དཔང་རྟགས་ཡོད་པ་འདིའི་ཁོངས་སུ་མི་ཚུད།
    དོན་ཚན་སུམ་བརྒྱ་དང་ང་གསུམ་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་དབང་བདག་ལ་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་བཤུག་སྤྲོད་དང་། བརྗེ་རེས། མ་རྩར་གཏོང་བ། སྦྱིན་པའམ་ཡང་ན་གཏའ་མར་འཛུགས་པ་བཅས་ཀྱི་དབང་ཆ་ཡོད། ཡིན་ན་ཡང་བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་པ་འདིའི་ཁོངས་སུ་མི་ཚུད།
    དོན་ཚན་སུམ་བརྒྱ་དང་ང་བཞི་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་བཤུག་སྤྲོད་དང་། བརྗེ་རེས། མ་རྩར་གཏོང་བ། སྦྱིན་པའམ་ཡང་ན་གཏའ་མར་འཛུགས་པའི་ཚེ། དོ་བདག་བར་ཡིག་ཐོག་ནས་དེར་མཐུན་གྱི་གན་རྒྱ་འཇོག་དགོས། བེད་སྤྱོད་དུས་བཀག་ལ་དོ་བདག་བར་གྲོས་དན་འཇོག་དགོས། ཡིན་ན་ཡང་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག་འཕྲོ་མ་ལས་བརྒལ་མི་ཆོག
    དོན་ཚན་སུམ་བརྒྱ་དང་ང་ལྔ་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་བཤུག་སྤྲོད་དང་། བརྗེ་རེས། མ་རྩར་གཏོང་བའམ་སྦྱིན་པའི་ཚེ། ཐོ་འགོད་ལས་ཁུངས་ལ་ཐོ་འགོད་བསྒྱུར་བཅོས་བྱེད་པའི་རེ་འདུན་ཞུ་དགོས།
    དོན་ཚན་སུམ་བརྒྱ་དང་ང་དྲུག་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་བཤུག་སྤྲོད་དང་། བརྗེ་རེས། མ་རྩར་གཏོང་བའམ་སྦྱིན་པའི་ཚེ། ས་ཆ་དེའི་སྟེང་གནས་པའི་བཟོ་སྐྲུན་དངོས་པོ་དང་། ཨར་སྐྲུན་དངོས་པོ། དེ་བཞིན་ཟུར་གཏོགས་སྒྲིག་བཀོད་བཅས་མཉམ་སྦྲགས་སུ་ཐག་གཅོད་བྱེད་དགོས།
    དོན་ཚན་སུམ་བརྒྱ་དང་ང་བདུན་པ། བཟོ་སྐྲུན་དངོས་པོ་དང་། ཨར་སྐྲུན་དངོས་པོ། དེ་བཞིན་ཟུར་གཏོགས་སྒྲིག་བཀོད་བཅས་བཤུག་སྤྲོད་དང་། བརྗེ་རེས། མ་རྩར་གཏོང་བའམ་སྦྱིན་པའི་ཚེ། བཟོ་སྐྲུན་དངོས་པོ་དང་། ཨར་སྐྲུན་དངོས་པོ། དེ་བཞིན་ཟུར་གཏོགས་སྒྲིག་བཀོད་ཀྱིས་བཟུང་བའི་ཁྱབ་ཁོངས་ནང་གི་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་མཉམ་སྦྲགས་སུ་ཐག་གཅོད་བྱེད་དགོས།
    དོན་ཚན་སུམ་བརྒྱ་དང་ང་བརྒྱད་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག་མ་ལོངས་གོང་དུ། སྤྱི་པའི་ཁེ་ཕན་གྱི་དོན་དུ་ས་ཆ་དེ་སྔ་ནུར་གྱིས་ཕྱིར་བསྡུ་བྱེད་དགོས་བྱུང་ཚེ། བཅའ་ཁྲིམས་འདིའི་དོན་ཚན་ཉིས་བརྒྱ་དང་ཞེ་གསུམ་པའི་གཏན་འབེབས་ལྟར་ས་ཆ་དེའི་སྟེང་གི་ཁང་པ་དང་དེ་བཞིན་བརྟན་ནོར་གཞན་དག་ལ་གུན་གསབ་སྤྲོད་དགོས་པར་མ་ཟད། དེར་མཐུན་གྱི་ནང་བཤུག་གྲོན་དངུལ་ཡང་ཕྱིར་སློག་བྱེད་དགོས།
    དོན་ཚན་སུམ་བརྒྱ་དང་ང་དགུ་པ། སྡོད་ཁང་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག་ལོངས་ཚེ་རང་ཤུགས་སུ་མཐུད་འགྱངས་བྱེད་པ་ཡིན། མཐུད་འགྱངས་འགྲོ་གྲོན་འཇལ་སྤྲོད་དམ་ཆག་ཡང་གཏོང་ཚེ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྒྲུབ་དགོས།
    སྡོད་ཁང་མིན་པའི་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་གི་དུས་བཀག་ལོངས་རྗེས་མཐུད་འགྱངས་བྱེད་ཚེ། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྒྲུབ་དགོས། ས་ཆ་དེའི་སྟེང་གི་ཁང་པ་དང་དེ་བཞིན་བརྟན་ནོར་གཞན་དག་གི་གཏོགས་ཁོངས་ནི། གྲོས་དན་བཞག་ཡོད་ན་གྲོས་དན་ལྟར་བྱེད་པ་དང་། གྲོས་དན་བཞག་མེད་པའམ་གྲོས་དན་གསལ་ངེས་མིན་ན་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྒྲུབ་དགོས།
    དོན་ཚན་སུམ་བརྒྱ་དང་དྲུག་ཅུ་པ། འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་མེད་པར་གྱུར་ན། ནང་བཤུག་བྱེད་མིས་དུས་ཐོག་ཏུ་ཐོ་བསུབ་ཐོ་འགོད་བྱེད་དགོས། ཐོ་འགོད་ལས་ཁུངས་ཀྱིས་དབང་ཁོངས་ལག་ཁྱེར་ཕྱིར་བསྡུ་བྱེད་དགོས།
    དོན་ཚན་སུམ་བརྒྱ་དང་རེ་གཅིག་པ། ཐུན་མོང་ལ་དབང་བའི་ས་ཆ་དེ་འཛུགས་སྐྲུན་ས་ཆར་སྤྱོད་ན། ས་ཆ་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སྒྲུབ་དགོས།
    ལེའུ་བཅུ་གསུམ་པ། ཁང་སའི་བཀོལ་སྤྱོད་བྱེད་དབང་།
    དོན་ཚན་སུམ་བརྒྱ་དང་རེ་གཉིས་པ། ཁང་སའི་བཀོལ་སྤྱོད་དབང་བདག་ལ་ཁྲིམས་ལྟར་ཐུན་མོང་ལ་དབང་བའི་ས་ཞིང་བདག་འཛིན་དང་བཀོལ་སྤྱོད་བྱེད་དབང་ཡོད་པ་དང་། ཁྲིམས་ལྟར་ས་ཞིང་དེ་སྤྱད་དེ་སྡོད་ཁང་དང་དེ་བཞིན་ཟུར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་བྱེད་དབང་ཡོད།
    དོན་ཚན་སུམ་བརྒྱ་དང་རེ་གསུམ་པ། ཁང་སའི་བཀོལ་སྤྱོད་བྱེད་དབང་འཐོབ་པ་དང་། བཀོལ་བ། བཤུག་སྤྲོད་བཅས་བྱེད་ཚེ། ས་ཞིང་དོ་དམ་སྐོར་གྱི་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།
    དོན་ཚན་སུམ་བརྒྱ་དང་རེ་བཞི་པ། ཁང་ས་དེ་རང་བྱུང་བྱུར་ཉེས་སོགས་ཀྱི་རྐྱེན་གྱིས་མེད་བརླག་ཏུ་སོང་བ་ཡིན་ན། ཁང་སའི་བཀོལ་སྤྱོད་བྱེད་དབང་མེད་པར་གྱུར་པ་ཡིན། ཁང་ས་ཤོར་བའི་ཡུལ་མིར་ཁྲིམས་ལྟར་ཡང་བསྐྱར་ཁང་ས་བགོ་འགྲེམས་བྱེད་དགོས།
    དོན་ཚན་སུམ་བརྒྱ་དང་རེ་ལྔ་པ། ཐོ་འགོད་བྱས་ཟིན་པའི་ཁང་སའི་བཀོལ་སྤྱོད་བྱེད་དབང་བཤུག་སྤྲོད་བྱས་པའམ་མེད་པར་གྱུར་པ་ཡིན་ན། དུས་ཐོག་ཏུ་བསྒྱུར་བཅོས་ཐོ་འགོད་བྱེད་པའམ་ཐོ་བསུབ་ཐོ་འགོད་བྱེད་དགོས།
    ལེའུ་བཅུ་བཞི་པ། གཞིས་སྡོད་བྱེད་དབང་།
    དོན་ཚན་སུམ་བརྒྱ་དང་རེ་དྲུག་པ། འཚོ་བ་དང་གཞིས་སྡོད་ཀྱི་དགོས་མཁོ་སྐོང་བའི་དོན་དུ། གཞིས་སྡོད་དབང་བདག་ལ་གན་རྒྱའི་གྲོས་དན་ལྟར་མི་གཞན་གྱི་སྡོད་ཁང་བདག་འཛིན་དང་བཀོལ་སྤྱོད་བྱེད་པའི་བཀོལ་ཁེ་དངོས་དབང་ཡོད།
    དོན་ཚན་སུམ་བརྒྱ་དང་རེ་བདུན་པ། གཞིས་སྡོད་བྱེད་དབང་འཛུགས་ཚེ། དོ་བདག་བར་ཡིག་ཐོག་ནས་གཞིས་སྡོད་བྱེད་དབང་གི་གན་རྒྱ་འཇོག་དགོས།
གཞིས་སྡོད་བྱེད་དབང་གི་གན་རྒྱའི་ནང་དུ་སྤྱིར་བཏང་གཤམ་གསལ་དོན་ཚན་ཡོད་པ་ཡིན།
    (གཅིག) དོ་བདག་གི་རུས་མིང་ངམ་མིང་དང་གཞིས་གནས།
    (གཉིས།) སྡོད་ཁང་གི་གནས་ཡུལ།
    (གསུམ།) གཞིས་སྡོད་ཀྱི་ཆ་རྐྱེན་དང་བླང་བྱ།
    (བཞི།) གཞིས་སྡོད་བྱེད་དབང་གི་དུས་བཀག
    (ལྔ།) རྩོད་གཞི་ཐག་གཅོད་བྱེད་ཐབས།
    དོན་ཚན་སུམ་བརྒྱ་དང་རེ་བརྒྱད་པ། གཞིས་སྡོད་བྱེད་དབང་ནི་རིན་མེད་དུ་འཛུགས་པ་ཡིན། ཡིན་ན་ཡང་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད། གཞིས་སྡོད་བྱེད་དབང་འཛུགས་ཚེ། ཐོ་འགོད་ལས་ཁུངས་ལ་གཞིས་སྡོད་བྱེད་དབང་ཐོ་འགོད་བྱེད་པའི་རེ་འདུན་ཞུ་དགོས། གཞིས་སྡོད་བྱེད་དབང་ནི་ཐོ་འགོད་བྱེད་དུས་ནས་འཛུགས་པ་ཡིན།
    དོན་ཚན་སུམ་བརྒྱ་དང་རེ་དགུ་པ། གཞིས་སྡོད་བྱེད་དབང་བཤུག་སྤྲོད་དང་ཤུལ་འཛིན་བྱས་མི་ཆོག གཞིས་སྡོད་བྱེད་དབང་ཚུགས་པའི་སྡོད་ཁང་བོགས་མར་བཏང་མི་ཆོག ཡིན་ན་ཡང་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད།
    དོན་ཚན་སུམ་བརྒྱ་དང་བདུན་ཅུ་པ། གཞིས་སྡོད་བྱེད་དབང་གི་དུས་བཀག་ལོངས་པའམ་གཞིས་སྡོད་དབང་བདག་ཤི་བ་ཡིན་ན། གཞིས་སྡོད་བྱེད་དབང་མེད་པར་གྱུར་པ་ཡིན། གཞིས་སྡོད་བྱེད་དབང་མེད་པར་གྱུར་ན་དུས་ཐོག་ཏུ་ཐོ་བསུབ་ཐོ་འགོད་བྱེད་དགོས།
    དོན་ཚན་སུམ་བརྒྱ་དང་དོན་གཅིག་པ། ཁ་ཆེམས་ཀྱི་ཐོག་ནས་གཞིས་སྡོད་བྱེད་དབང་འཛུགས་ཚེ། ལེའུ་འདིའི་འབྲེལ་ཡོད་གཏན་འབེབས་དཔེ་གཞི་བྱས་ནས་སྤྱད་འཐུས།
    ལེའུ་བཅོ་ལྔ་པ། ས་ཆའི་བཀོལ་དབང་།
    དོན་ཚན་སུམ་བརྒྱ་དང་དོན་གཉིས་པ། ས་ཆའི་བཀོལ་དབང་བདག་པོ་ལ་གན་རྒྱའི་གྲོས་དན་ལྟར་མི་གཞན་གྱི་བརྟན་ནོར་བེད་སྤྱད་ནས་རང་ཉིད་ཀྱི་བརྟན་ནོར་གྱི་ཕན་ཁེ་ཆེ་རུ་གཏོང་དབང་ཡོད།
    གོང་གསལ་ནང་གསེས་དོན་ཚན་དུ་བཤད་པའི་མི་གཞན་གྱི་བརྟན་ནོར་ཞེས་པ་ནི་བཀོལ་འདོན་ས་ཆ་ཡིན་པ་དང་། རང་ཉིད་ཀྱི་བརྟན་ནོར་ནི་བཀོལ་མཁོའི་ས་ཆ་ཡིན།
    དོན་ཚན་སུམ་བརྒྱ་དང་དོན་གསུམ་པ། ས་ཆའི་བཀོལ་དབང་འཛུགས་ན། དོ་བདག་བར་ཡིག་ཐོག་ནས་ས་ཆའི་བཀོལ་དབང་གི་གན་རྒྱ་འཇོག་དགོས།
ས་ཆའི་བཀོལ་དབང་གི་གན་རྒྱའི་ནང་དུ་སྤྱིར་བཏང་གཤམ་གསལ་དོན་ཚན་ཡོད་པ་ཡིན།
    (གཅིག) དོ་བདག་གི་རུས་མིང་ངམ་མིང་དང་གཞིས་གནས།
    (གཉིས།) བཀོལ་འདོན་ས་ཆ་དང་བཀོལ་མཁོའི་ས་ཆའི་གནས་ཡུལ།
    (གསུམ།) བེད་སྤྱོད་དམིགས་ཡུལ་དང་བྱེད་ཐབས།
    (བཞི།) ས་ཆའི་བཀོལ་དབང་གི་དུས་བཀག
    (ལྔ།) འགྲོ་གྲོན་དང་དེ་སྤྲོད་སྟངས།
    (དྲུག) རྩོད་གཞི་ཐག་གཅོད་བྱེད་ཐབས།
    དོན་ཚན་སུམ་བརྒྱ་དང་དོན་བཞི་པ། ས་ཆའི་བཀོལ་དབང་ནི་ས་ཆའི་བཀོལ་དབང་གི་གན་རྒྱར་ནུས་པ་ཐོན་དུས་ནས་འཛུགས་པ་ཡིན། དོ་བདག་ལ་ཐོ་འགོད་རེ་འདུན་ཡོད་ན། ཐོ་འགོད་ལས་ཁུངས་ལ་ས་ཆའི་བཀོལ་དབང་ཐོ་འགོད་བྱེད་པའི་རེ་འདུན་ཞུས་ཆོག ཐོ་འགོད་མ་བྱས་པར་སེམས་བཟང་ཕུང་གསུམ་པར་འགྲན་རྒོལ་བྱས་མི་ཆོག
    དོན་ཚན་སུམ་བརྒྱ་དང་དོན་ལྔ་པ། བཀོལ་འདོན་ས་ཆའི་ཁེ་དབང་བདག་པོས་གན་རྒྱའི་གྲོས་དན་ལྟར་ས་ཆའི་བཀོལ་དབང་བདག་པོ་ལ་རང་ཉིད་ཀྱི་བརྟན་ནོར་བེད་སྤྱོད་བྱེད་དུ་འཇུག་དགོས་པ་ལས། ས་ཆའི་བཀོལ་དབང་བདག་པོས་ཁེ་དབང་སྤྱོད་པར་འགོག་རྐྱེན་བཟོ་མི་ཆོག
    དོན་ཚན་སུམ་བརྒྱ་དང་དོན་དྲུག་པ། ས་ཆའི་བཀོལ་དབང་བདག་པོས་གན་རྒྱའི་ནང་གྲོས་དན་བྱས་པའི་བེད་སྤྱོད་དམིགས་ཡུལ་དང་བྱེད་ཐབས་ལྟར་བཀོལ་འདོན་ས་ཆ་སྤྱོད་དགོས་ཤིང་། བཀོལ་འདོན་ས་ཆའི་ཁེ་དབང་བདག་པོའི་དངོས་དབང་ལ་ཚོད་འཛིན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།
    དོན་ཚན་སུམ་བརྒྱ་དང་དོན་བདུན་པ། ས་ཆའི་བཀོལ་དབང་གི་དུས་བཀག་ནི་དོ་བདག་བར་གྲོས་དན་འཇོག་དགོས། ཡིན་ན་ཡང་ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་དབང་དང་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་སོགས་བཀོལ་ཁེ་དངོས་དབང་གི་དུས་བཀག་འཕྲོ་མ་ལས་བརྒལ་མི་ཆོག
    དོན་ཚན་སུམ་བརྒྱ་དང་དོན་བརྒྱད་པ། ས་ཞིང་གི་བདག་དབང་བདག་པོ་ལ་ས་ཆའི་བཀོལ་དབང་སྤྱོད་རྒྱུ་ཡོད་པའམ་ས་ཆའི་བཀོལ་དབང་གི་འགན་འཁུར་གྱི་ཡོད་ན། ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་དབང་དང་ཁང་སའི་བཀོལ་སྤྱོད་བྱེད་དབང་སོགས་བཀོལ་ཁེ་དངོས་དབང་འཛུགས་ཚེ། བཀོལ་ཁེ་དངོས་དབང་བདག་པོ་དེ་ལ་བཙུགས་ཟིན་པའི་ས་ཆའི་བཀོལ་དབང་མུ་མཐུད་དུ་སྤྱོད་རྒྱུ་ཡོད་པའམ་འགན་འཁུར་དགོས།
    དོན་ཚན་སུམ་བརྒྱ་དང་དོན་དགུ་པ། ས་ཞིང་སྟེང་དུ་ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་དབང་དང་འཛུགས་སྐྲུན་ས་ཆའི་བཀོལ་སྤྱོད་བྱེད་དབང་། ཁང་སའི་བཀོལ་སྤྱོད་བྱེད་དབང་སོགས་ཀྱི་བཀོལ་ཁེ་དངོས་དབང་བཙུགས་ཡོད་ན། བཀོལ་ཁེ་དངོས་དབང་བདག་པོ་མོས་མཐུན་མ་བྱུང་བར་ས་ཞིང་གི་བདག་དབང་བདག་པོས་ས་ཆའི་བཀོལ་དབང་བཙུགས་མི་ཆོག
(མུ་འགོད། 10)
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།