中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།། ཚེ་རིང་འབུམ་ལ་སྐྱིན་ཚབ་འཇལ་དུ་བཅུག་ཆོག་གམ།
དུས་ཚོད།2016-09-22 11:28:35     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
གྱོད་དཔེ།
   བཙུན་ཐར་ཡག་གིས་ཟ་ཁང་ཞིག་གི་ནང་དུ་ཟ་མ་ཟ་བཞིན་པའི་སྒང་ལ། ཟ་ཁང་དུ་ཁ་པར་གྱི་བརྡ་རྟགས་ཅུང་མི་གསལ་བས་ཁོ་སྒོར་སོང་སྟེ་ཁ་པར་བརྒྱབ་རྗེས་ཕྱིར་ཟ་ཁང་དུ་ལོག་སྐབས། རྡོག་སྣེ་ཚེ་རིང་འབུམ་གྱི་རྐུབ་འགྲམ་གྱི་ཁུག་མ་ཞིག་ལ་ཐོགས་ཏེ་ཨེན་ཙམ་གྱིས་ཐང་ལ་འགྱེལ་སོང་། བཙུན་ཐར་ཡག་གིས་ཁོ་ལ་དགོངས་དག་ཅིག་ཞུ་བསམ་ནའང་། ཚེ་རིང་འབུམ་ཞེ་སྤོ་གཏིང་ནས་ལངས་ཏེ་ཁོའི་གདོང་ལ་ཁུ་ཚུར་གྱིས་བརྒྱབ། ཁོ་རང་ཡུད་ཙམ་ཞིག་ལ་མགོ་ཡོམ་འཁོར་བ་དང་ཁ་ནས་ཁྲག་དམར་ཞིག་འཛར་འོངས་པ་ན། ཁོས་མྱུར་དུ་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུག་བྱས། སྤྱི་བདེ་ལས་ཁུངས་ཀྱི་མི་སྣས་ཁོ་ཚོར་བར་འདུམ་ཇི་འདྲ་བྱས་ཀྱང་མ་ཕན་པས་ཚེ་རིང་འབུམ་ལ་ཉིན་ལྔ་ཡི་སྲིད་འཛིན་བཀག་སྐྱིལ་དང་སྒོར200ཡི་ཆད་པ་བཅད། བཙུན་ཐར་ཡག་སྨན་ཁང་དུ་བསྡད་དེ་བརྟག་དཔྱད་བྱས་པ་དང་སྨན་རིན། ལས་ཀ་ཤོར་བ། འགྲིམ་འགྲུལ་གྱི་གླ་སོགས་སྒོར300ཤོར། དེ་བས་ཁོས་ཚེ་རིང་འབུམ་ལ་སྨན་རིན་དེ་ཐེངས་འགར་བསླངས་མོད། ཚེ་རིང་འབུམ་གྱིས་བཤད་རྒྱུར། བདག་ལ་སྤྱི་བདེ་ལས་ཁུངས་ཀྱིས་སྔར་ནས་སྲིད་འཛིན་བཀག་སྐྱིལ་དང་སྒོར་མོའི་ཆད་པ་བཅད་ཟིན་པས་སྒོར་མོ300ཡི་སྨན་རིན་དེ་གཏན་ནས་སྟེར་མི་ཐུབ་ཟེར། ཁོས་ཚེ་རིང་འབུམ་ལ་སྒོར300ཡི་སྐྱིན་ཚབ་འཇལ་དུ་བཅུག་ན་ཆོག་གམ།
 ཁྲིམས་བཤད
    བཙུན་ཐར་ཡག་གིས་ཚེ་རིང་འབུམ་ལ་སྒོར300ཡི་སྐྱིན་ཚབ་འཇལ་དུ་བཅུག་ཆོག་མོད། འོན་ཀྱང་འདི་ནི་དམངས་དོན་འགན་འཁྲིའི་ཁོངས་སུ་གཏོགས་པའི་གནད་དོན་ཞིག་ཡིན་པས། བཙུན་ཐར་ཡག་གིས་ཟུར་གཞན་ཞིག་ནས་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱ་དགོས།
    《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན། དམངས་ཁྲོད་རྩོད་གླེང་ལས་བྱུང་བའི་རྡུང་རེས་རྒྱག་པའམ་ཡང་ན་གཞན་གྱི་རྒྱུ་ནོར་ལ་གཏོར་བརླག་གཏོང་བ་སོགས་སྤྱི་ཚོགས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཅུང་ཡང་བ་ལ་སྤྱི་བདེ་ལས་ཁུངས་ཀྱིས་བར་འདུམ་དང་ཐག་གཅོད་བྱས་ཆོག་ལ། སྤྱི་བདེ་ལས་ཁུངས་ཀྱིས་འདུམ་འགྲིག་བྱས་ཏེ་དོ་བདག་ཕྱོགས་གཉིས་ཀ་གྲོས་མཐུན་བྱུང་ཚེ་ཆད་པ་གཅོད་མི་དགོས། འོན་ཀྱང་འདུམ་འགྲིག་བྱེད་མ་ཐུབ་པའམ་གྲོས་མཐུན་མ་ཡོང་བ། ཡང་ན་གྲོས་མཐུན་བྱུང་སྟེ་གྲོས་ཡིག་ལག་བསྟར་མི་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཆད་པ་བཅད་ཆོག་པ་མ་ཟད། དོ་བདག་ཕྱོགས་གཅིག་ལ“ཁྱོད་གཉིས་ཀྱི་བར་ན་དམངས་དོན་རྩོད་གླེང་ཡོད་པས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱ་དགོས”ཞེས་བཤད་ཆོག
    དམངས་ཁྲོད་རྩོད་གླེང་ལས་བྱུང་བའི་རྡུང་རེས་རྒྱག་པའམ་ཡང་ན་གཞན་གྱི་རྒྱུ་ནོར་ལ་གཏོར་བརླག་གཏོང་བ་སོགས་སྤྱི་ཚོགས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཅུང་ཡང་བ་ལ་སྤྱི་བདེ་ལས་ཁུངས་ཀྱིས་གནད་དོན་དང་རྩོད་གླེང་ཞི་བར་བྱེད་ཆེད་དང་། སྤྱི་ཚོགས་བདེ་འཇགས་ལ་འགེབས་སྲུང་བྱེད་ཆེད། སྤྱི་ཚོགས་འཆམ་མཐུན་ཡོང་བའི་བླང་བྱ་ལྟར་གནད་དོན་དང་རྩོད་གླེང་འདུམ་འགྲིག་བྱ་དགོས། ལྷག་པར་དུ་ཁྱིམ་ཚང་ནང་ཁུལ་དང་། ཁྱིམ་མཚེས། བཟང་ས་སྤུན་གྲོགས་བར་གྱི་རྩོད་གླེང་ལས་བྱུང་བའི་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཅུང་ཡང་བ་ལ་དོ་བདག་ཕྱོགས་གཉིས་ཀྱི་རེ་འདོད་ལྟར་མྱུར་དུ་འདུམ་འགྲིག་བྱ་དགོས། དཔེར་ན། ཟིང་ཆ་བསླངས་ཏེ་འུར་བརྒྱབ་པ་དང་བརྡ་འཕྲིན་བསྐུར་བ། སྒོ་ཟོག་སོགས་ཀྱིས་མི་གཞན་གྱི་རྒྱུན་ལྡན་འཚོ་བར་གནོད་བསྐྱལ་བ། སྒོ་ཁྱི་སོགས་ཀྱི་མི་གཞན་ལ་འཇིགས་བསྐུལ་ཀྱང་བདག་པོས་ཁ་ཡ་མི་བྱེད་པ། བརྙས་བཅོས་དང་སྙད་འདོགས་བྱས་པ། མ་ཉེས་ཁ་གཡོག་ཐེབས་པ། མི་སྒེར་གྱི་བསང་ལ་གནོད་འཚེ་བཏང་བ། གཞན་གྱི་རླངས་འཁོར་ལྐོག་ནས་བསྐོར་བ་སོགས་ཀྱི་བདེ་འཇགས་གྱོད་གཞི་རྣམས་སྤྱི་བདེ་ལས་ཁུངས་ཀྱིས་ཐད་ཀར་དུ་འདུམ་འགྲིག་དང་ཐག་གཅོད་བྱས་ཆོག་ལ། དུས་མཚུངས་སུ། འདུམ་འགྲིག་བཟང་བོ་ཞིག་བྱེད་ཆེད་སྤྱི་བདེ་ལས་ཁུངས་ཀྱིས་འདུམ་འགྲིག་སྔོན་དུ་གྱོད་དོན་ལ་ཞིབ་ཏུ་རྩད་གཅོད་བྱས་ཏེ་བདེན་དཔང་འཚོལ་སྡུད་དང་དངོས་དོན་རྩད་གཅོད། འགན་འཁྲི་དག་འབྱེད་བྱ་དགོས། འདུམ་འགྲིག་གྲོས་གཞི་ལ་ཡིད་འཐད་བྱུང་མ་ཐག་འདུམ་འགྲིག་གྲོས་ཆོད་ཡི་གེ་འབྲི་དགོས་ལ། དོ་བདག་ཕྱོགས་གཉིས་ཀས་མཛུབ་ཐེལ་ཡང་གནན་དགོས།  སྤྱི་བདེ་ལས་ཁུངས་ཀྱིས་དམངས་ཁྲོད་རྩོད་གླེང་ལས་བྱུང་བའི་བདེ་འཇགས་གྱོད་གཞི་ཅིས་ཀྱང་འདུམ་འགྲིག་བྱ་དགོས་པ་ཞིག་མིན་ལ། བཙན་ཤུགས་ཀྱི་སྒོ་ནས་རྩོད་གླེང་འདུམ་འགྲིག་བྱས་མི་ཆོག  གྱོད་དོན་དང་རྩོད་གླེང་གི་གནས་ཚུལ་ལ་གཞིགས་ཏེ་ཕན་ཚུན་འདུམ་འགྲིག་བྱས་ཆོག་མིན་དང་འདུམ་འགྲིག་ཐེངས་དུ་ལ་བྱ་དགོས་པ་སོགས་གནད་དོན་ཐག་གཅོད་ཀྱི་ཐབས་བཀོད་གང་ལེགས་འཐེན་དགོས།
    གནོད་འཚེ་འཁེལ་མཁན་གྱི་སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གང་ཡིན་རུང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་མི་སྣར་བདེ་འཇགས་དོ་དམ་ཕྱོགས་ཀྱི་ཆད་པ་བཅད་པའི་ཞོར་དུ་ཁྲིམས་ལྟར་དམངས་དོན་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་བའི་རེ་བའང་བཏོན་ཆོག བདེ་འཇགས་དོ་དམ་ཆད་གཅོད་ནི་སྲིད་འཛིན་ཆད་གཅོད་ཀྱི་རིགས་ཤིག་ཡིན་པས་དེས་ཁྲིམས་འགལ་མི་སྣར་ཆད་གཅོད་ཀྱི་བྱེད་སྒོ་སྤེལ་ཆོག་མོད། ཁྲིམས་འགལ་གྱི་བྱ་སྤྱོད་དེས་གནོད་ཁེལ་མི་སྣའི་མི་ལུས་བདེ་ཐང་དང་རྒྱུ་ནོར་ལ་གནོད་འཚེ་བཏང་ཡོད་པའི་སྐབས་སུ། བདེ་འཇགས་དོ་དམ་ཆད་གཅོད་ཀྱིས་གནོད་ཁེལ་མི་སྣའི་གྱོང་གུད་སྐྱིན་ཚབ་འཇལ་དུ་འཇུག་མི་ཐུབ་ལ། སྤྱི་བདེ་ལས་ཁུངས་ཀྱིས་ཆད་པ་བཅད་ཆོག་པ་ལས་སྐྱིན་ཚབ་འཇལ་དུ་བཅུག་མི་ཆོག་པ་མ་ཟད། ཐད་ཀར་དུ་ཁྲིམས་འགལ་མི་སྣར་དམངས་དོན་འགན་འཁྲི་འཁུར་དུ་བཅུག་མི་ཆོག  གཞན་ད་དུང་གནོད་ཁེལ་མི་སྣས་ཟུར་དུ་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱེད་དུ་བཅུག་ཆོག བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པ་ནི། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཀྱིས་མི་གཞན་ལ་གནོད་སྐྱོན་བཟོས་ཚེ། གནོད་འཚེ་བཟོ་མཁན་དེ་དང་དེའི་ལྟ་སྐྱོང་མི་སྣར་ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དུ་འཇུག་དགོས།
   《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་སྤྱི་སྲོལ》ལས་གཏན་ཁེལ་བྱས་པ་ལྟར་ན། དམངས་དོན་འགན་འཁྲི་འཁུར་སྟངས་ལ་གཙོ་བོ་ནི། (1)གནོད་འཚེ་མཚམས་འཇོག་པ།(2)བར་ཆད་སེལ་བ།(3)ཉེན་ཁ་མེད་པར་གཏོང་བ།(4)རྒྱུ་ནོར་བདག་པོར་སྤྲོད་པ།(5)མ་དཔེ་བསྐྱར་གསོ།(6)བཟོ་བཅོས། བསྐྱར་ལས། བརྗེ་སོར་བྱེད་པ། (7)གྱོང་གུད་སྐྱིན་ཚབ་འཇལ་བ། (8)གན་འགལ་དངུལ་ཆད་སྤྲོད་པ།(9)ཤུགས་རྐྱེན་ངན་པ་སེལ་ཏེ་མཚན་སྙན་བསྐྱར་གསོ་བྱེད་པ།(10)དགོངས་དག་ཞུ་བ་བཅས་ཡིན། གོང་གི་དམངས་དོན་འགན་འཁྲི་འཁུར་སྟངས་ལས་ལ་ལ་ཁེར་རྐྱང་དུ་སྤྱད་ཆོག་ལ། ལ་ལ་མཉམ་སྤྱོད་བྱ་དགོས། མི་དམངས་ཁྲིམས་ཁང་གིས་དམངས་དོན་གྱོད་གཞི་ཞིབ་གཅོད་བྱེད་སྐབས་གོང་གི་དམངས་དོན་འགན་འཁྲི་སྤྱོད་སྟངས་འདི་དག་སྤྱོད་པ་ལས་གཞན་ད་དུང་གཤེ་གཤེ་གཏོང་བའམ་འགྱོད་བཤགས་བྱེད་དུ་འཇུག་པ། ཁྲིམས་འགལ་ལས་ཐོབ་པའི་རྒྱུ་ནོར་དང་ཁྲིམས་འགལ་བྱ་སྤྱོད་ལས་ཐོབ་པའི་རྒྱུ་ནོར་གཞུང་བཞེས་བྱ་དགོས་ལ་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་དངུལ་སྒོར་གྱི་ཆད་པ་དང་བཀག་སྐྱིལ་ཡང་བྱས་ཆོག
    གོང་གི་གྱོད་དོན་ལས། ས་གནས་སྤྱི་བདེ་ལས་ཁུངས་ཀྱིས《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར། དོ་བདག་ཕྱོགས་གཉིས་འདུམ་འགྲིག་བྱེད་དཀའ་བའི་གནས་ཚུལ་འོག་ཁྲིམས་ལྟར་ཚེ་རིང་འབུམ་གྱིས་མི་གཞན་གྱི་ལུས་ཕུང་ལ་གནོད་འཚེ་བཟོས་པའི་བྱ་སྤྱོད་དེར་དངུལ་སྒོར་གྱི་ཆད་པ་དང་སྲིད་འཛིན་བཀག་སྐྱིལ་གྱི་ཆད་པ་བཅད་ཟིན་ནའང་། བཙུན་ཐར་ཡག་གིས་བཏོན་པའི་གྱོང་གུད་སྐྱིན་ཚབ་ཀྱི་དམངས་དོན་འགན་འཁྲི་འཁུར་དུ་འཇུག་པའི་ཕྱོགས་ལ་གནོད་པ་ཅི་ཡང་མེད་པས། ཚེ་རིང་འབུམ་གྱིས་སྐྱིན་ཚབ་འཇལ་མི་འདོད་པའི་སྐབས་སུ་བཙུན་ཐར་ཡག་གིས་རང་ཕྱོགས་ནས་བདེན་དཔང་འཚོལ་སྡུད་བྱས་ཏེ། མི་ལུས་བདེ་ཐང་ལ་གནོད་འཚེ་བཟོས་པར་སྐྱིན་ཚབ་འཇལ་དགོས་པ་གནས་ལུགས་སུ་བརྩིས་ནས་ཞོར་དུ་མི་དམངས་ཁྲིམས་ཁང་ལ་དམངས་དོན་གཏུག་བཤེར་བྱས་ཏེ་སྒོར300ཡི་དམངས་དོན་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག།
 
 རྩོམ་སྒྲིག་པ།མཁའ་བྱམས་ཚེ་རིང་།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།