中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > རྒྱལ་ཁབ་ཀྱི་བཅའ་ཁྲིམས། >
༄༅།།རྒྱ་མཚོ་འདི་ལྟར་དཔང་མི་རྫུན་མར་རྫུས་ཆོག་གམ།
དུས་ཚོད།2016-09-28 15:31:06     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།     ཆུང་། | འབྲིང་། | ཆེ།
གྱོད་དཔེ
 
          2007ལོའི་ཟླ9བའི་ཚེས10ཉིན། རྟ་མགྲིན་དང་རྡོ་རྗེ་གཉིས་ས་དེའི་མངག་གཏོང་ཁང་ལ་ཡོང་སྟེ་ཟླ9བའི་ཚེས8ཉིན་རྟ་མགྲིན་གྱིས་དགེ་འདུན་གཙོ་བྱས་པའི་མི་འགའ་བོས་ཏེ་རྡོ་རྗེ་ལ་གཅར་རྡུང་བྱས་པའི་དོན་དེ་ཡར་ཞུ་བྱས་པ་དང་། ཕྱོགས་གཉིས་ཀས་རང་འགུལ་ངང་སྤྱི་བདེ་མི་སྣ་ལ་འདུམ་འགྲིག་བྱ་རྒྱུའི་རེ་བ་ཞུས། སྤྱི་བདེ་མི་སྣས་དགེ་འདུན་ཡང་མངག་གཏོང་ཁང་དུ་ཡོང་དགོས་པར་བཤད་མོད། ཡིན་ནའང་སྐབས་དེར་དགེ་འདུན་གྱིས་རང་ལ་ཉེས་ཆད་ཕོག་པར་དོགས་ནས་ས་གཞན་ཞིག་ཏུ་བྲོས་སོང་། དེ་བས་རྟ་མགྲིན་གྱིས་ཆང་ཁང་ཞིག་ནས་རང་དང་ཕ་ཡུལ་གཅིག་པའི་རྒྱ་མཚོ་ཁྲིད་དེ་དགེ་འདུན་ཡིན་པར་རྫུས་ནས་མངག་གཏོང་ཁང་ལ་ཡོང་། ཉིན་འགའི་རྗེས་སུ་ཉེན་རྟོག་པས་ཁོ་ལ་རྩད་འདྲི་བྱས་པ་ན་ཁོས་བཤད་པའི་བདེན་དཔང་ལ་དོགས་སློང་མང་པོ་ཞིག་བྱུང་བ་དང་། ཞིབ་ཏུ་རྟོག་དཔྱོད་བྱས་པ་ན་ད་གཟོད་ཁོ་རང་དགེ་འདུན་མིན་པ་གཞི་ནས་ཤེས། འོ་ན་རྟ་མགྲིན་དང་རྒྱ་མཚོ་ཡི་བྱ་སྤྱོད་འདི་ཁྲིམས་གང་དང་འགལ་ཡོད་པ་དང་ཇི་ལྟར་ཐག་གཅོད་དགོས།
 
ཁྲིམས་བཤད
        རྟ་མགྲིན་དང་རྒྱ་མཚོ་ཡི་བྱ་སྤྱོད་གཉིས་མཉམ་དུ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་གཏོགས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཁོ་ཚོ་སོ་སོའི་ཉེས་པའི་ཆེ་ཆུང་ལ་བལྟས་ནས་དེ་བསྟུན་གྱི་ཆད་པ་གཅོད་འོས། སྤྱི་ཚོགས་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་མི་རྣམས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁོ་ཚོ་སོ་སོའི་ཉེས་པའི་ཆེ་ཆུང་ལ་བལྟས་ཏེ་སོ་སོར་དེ་མཐུན་གྱི་ཆད་པ་གཅོད་དགོས། གཞན་ལ་ངན་སྐུལ་དང་མགོ་སྐོར། འཇིགས་སྐུལ་ཏེ་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་ཏུ་འཇུག་མཁན་ལ་ངན་སྐུལ་དང་མགོ་སྐོར། འཇིགས་སྐུལ་བཅས་ཀྱི་ཉེས་པ་གཞིར་བཟུང་ནས་ཆད་པ་གཅོད་དགོས། མཉམ་དུ་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བ་ཞེས་པ་ནི་མི་གཉིས་དང་ཡང་ན་དེ་ལས་མང་བ་ཞིག་གིས་ཏང་ངོས་ནས་བསམ་བཞིན་དུ་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བ་དང་། གཞན་ངོས་ནས་མཉམ་དུ་ཁྲིམས་འགལ་གྱི་བྱ་བ་བསྒྲུབས་པ་ལ་ཟེར། ཁྲིམས་འགལ་མི་སྣའི་ཉེས་པའི་ཆེ་ཆུང་ཞེས་པ་ནི་མཉམ་དུ་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱ་བ་སྒྲུབ་མཁན་གྱི་ཁྲིམས་འགལ་མི་སྣ་སོ་སོས་གཞན་ལ་ཐེབས་པའི་གནོད་འཚེ་དང་ངན་ཤུགས་ཀྱི་ཆེ་ཆུང་ལ་ཟེར་བ་ཡིན་ཏེ་བྱེ་བྲག་གིས་དགར་ན། གཅིག རྩ་འཛུགས་དང་མཛུབ་སྟོན། སྣེ་ཁྲིད་ཀྱི་ནུས་པ་ཐོན་པ། གཉིས། གཙོ་བོ་དང་ཕལ་བ། ཡང་ན་རམ་འདེགས་ཀྱི་ནུས་པ་ཐོན་པ་སོགས་སོ། ནུས་པའི་ཆེ་ཆུང་མི་འདྲ་བའི་དབང་གིས་ཁོ་ཚོར་བཅད་པའི་ཆད་པ་པའང་ཡང་ལྕི་ཡོད་པ་དང་། གྱོད་དོན་སྒྲུབ་སྐབས་ནུས་པ་ཇི་ལྟར་ཆེ་ན་ཆད་པ་ཡང་དེ་མཐུན་གྱིས་ལྕི་བ་ཡིན་ལ་ཅིག་ཤོས་ནི་དེ་ལས་ལྡོག་པ་ཡིན།
          གྱོད་དོན་ཁྲོད་དུ་རྩ་འཛུགས་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་མཁན་ལ་ངེས་པར་དུ་མགོ་མཇུག་བར་གསུམ་གྱི་ཁྲིམས་འགལ་བྱ་སྤྱོད་ཡོད་ཚད་གཞིར་བཟུང་ནས་ཆད་པ་གཅོད་འོས་ལ། གྱོད་དོན་ཁྲོད་ནུས་པ་ཕལ་བ་འདོན་མཁན་ལ་ཁྲིམས་འགལ་མི་སྣ་གཙོ་བོ་དང་བསྡུར་ནས་ཆད་པ་ཡང་མོ་ཞིག་གཅོད་འོས། རམ་འདེགས་ཀྱི་ནུས་པ་འདོན་མཁན་ལ་ཁྲིམས་འགལ་མི་སྣ་གཙོ་བོ་དང་བསྡུར་ནས་ཆད་པ་གཅོད་པའམ་འོས་འཚམ་གྱིས་ཆད་པ་ཇེ་ཡང་དུ་གཏོང་བ། ཡང་ན་ཆད་པ་མི་གཅོད་པ་སོགས་སོ་སོ་མི་འདྲ་བ་ཡིན། རྟ་མགྲིན་གྱིས་རྒྱ་མཚོ་ལ་ངན་སྐུལ་བྱས་ཏེ་ཁོ་རང་དགེ་འདུན་ཡིན་ཁུལ་བྱས་པ་དང་བདེན་དཔང་རྫུན་མ་མཁོ་སྤྲོད་བྱེད་དུ་བཅུག་པ་དེས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་དོན་ཐག་གཅོད་བྱེད་པར་གེགས་བྱས་པ་དང་། གྱོད་དོན་ཁྲོད་དུ་རྩ་འཛུགས་ཀྱི་ནུས་པ་ཐོན་ཡོད་ལ། རྒྱ་མཚོས་བདེན་དཔང་རྫུན་མ་མཁོ་སྤྲོད་བྱས་པས་གྱོད་དོན་ཁྲོད་དུ་རམ་འདེགས་ཀྱི་ནུས་པ་ཐོན་ཡོད། དེ་བས། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་རྟ་མགྲིན་ལ་ཆད་པ་ཅུང་ལྕི་མོ་ཕོག་པ་དང་རྒྱ་མཚོ་ལ་རྟ་མགྲིན་གྱི་ཉེས་པ་དང་བསྡུར་ནས་ཆད་པ་ཅུང་ཡང་མོ་ཞིག་གཅོད་འོས།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།