ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས2016ལོའི་ཟླ1ཚེས14ཉིན་ཞུ་སྦྱོར་སྔ་མ་ཁུལ་ཆུང་ཞིག་གི་ཁང་བདག་ཨུ་ལྷན་དང་ཞུ་སྦྱོར་ཕྱི་མ་བོད་ལྗོངས་སྡེ་ལས་ཞབས་ཞུ་ཀུང་སིའི་དབར་གྱི་སྡེ་ལས་ཞབས་ཞུའི་གན་རྒྱའི་རྩོད་གཞི་བདག་སྤྲོད་བྱས་ཤིང་། ད་ཆ་འདྲི་རྩད་བྱས་ཟིན། ཞུ་སྦྱོར་སྔ་མ་ཁུལ་ཆུང་ཞིག་གི་ཁང་བདག་ཨུ་ལྷན་གྱིས། ལྷ་སའི་ཁུལ་ཆུང་དེ་བོད་ལྗོངས་ས་ཁང་ཐོན་ལས་ཚད་ཡོད་ཀུང་སི་ཞིག་གིས་བསྐྲུན་པ་དང་། 2009ལོའི་ཟླ9བ་ནས་བཟུང་། ཀུང་སི་དེས་ཁུལ་ཆུང་ནང་གི་ཁང་བ་ཁང་བདག་ཁག་ལ་ཚོང་འགོ་བཙུགས་པ་དང་སྦྲགས། ཁང་བདག་དང《སྡོད་ཁང་ཉོ་ཚོང་གི་གན་རྒྱ》དང《དུས་འགོའི་སྡེ་ལས་དོ་དམ་ཞབས་ཞུའི་གྲོས་མཐུན་ཡི་གེ》བཞག
གཞི་རྩའི་གནས་ཚུལ།
2011ལོའི་ཟླ12པར། ཀུང་སི་དེས་ཞུ་སྦྱོར་ཕྱི་མ་ཁུལ་ཆུང་དེའི་སྡེ་ལས་ཞབས་ཞུའི་ལས་ཁུངས་ལ་བདམས་པ་དང་། 2013ལོའི་ཟླ12པར། ཁུལ་ཆུང་དེས་ཁང་བདག་ཚོགས་འདུ་འཚོགས་ནས་ཁང་བདག་ཨུ་ལྷན་བཙུགས།2014ལོའི་ཟླ4ཚེས10ཉིན། ཁྲེང་ཀོན་ཆུས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཅུས་ཀྱིས་ཁུལ་ཆུང་དེའི་ཁང་བདག་ཨུ་ལྷན་ཐོ་བརྒྱབ་ནས་ཡིག་ཚགས་བཟོས། ཞུ་སྦྱོར་ཕྱི་མ་ཁུལ་ཆུང་དུ་སླེབས་པ་ནས་ད་བར་བྱས་པའི་སྡེ་ལས་ཞབས་ཞུར་མ་འདང་བའི་ཆ་ཧ་ཅང་མང་བས། ཁང་བདག་གིས་ཞུ་སྦྱོར་ཕྱི་མ་དང་བཞག་པའི《དུས་འགོའི་སྡེ་ལས་དོ་དམ་ཞབས་ཞུའི་གྲོས་མཐུན་ཡི་གེ》རྩིས་མེད་བཏང་ནས་སྡེ་ལས་ཞབས་ཞུའི་བྱེད་པོ་བརྗེ་རྒྱུའི་རེ་བ་བཏོན། གནས་ཚུལ་དེ་ཁྲིམས་ཁང་ལ་ཞུས་ནས་ཁུལ་ཆུང་ག་གེ་མོ་དེས་ཁང་བདག་དང་ཞུ་སྦྱོར་ཕྱི་མའི་དབར་གྱི《དུས་འགོའི་སྡེ་ལས་དོ་དམ་ཞབས་ཞུའི་གྲོས་མཐུན་ཡི་གེ》རྩིས་མེད་གཏོང་རྒྱུ་དང་། ཞུ་སྦྱོར་ཕྱི་མས་དུས་བཀག་ནང་ཁུལ་ཆུང་སྡེ་ལས་ཞབས་ཞུའི་ཁུལ་ནས་དོན་ཏེ། ཞུ་སྦྱོར་སྔ་མར་སྡེ་ལས་ཞབས་ཞུར་སྤྱོད་པའི་ཁང་བ་དང་ཁུལ་ཆུང་གི་འབྲེལ་ཡོད་སྒྲིག་ཆས་རྩིས་སྤྲོད་དགོས་པ། ཞུ་སྦྱོར་ཕྱི་མས་དུས་བཀག་ནང་ཞུ་སྦྱོར་སྔ་མར་ཁུལ་ཆུང་དེའི་འབྲེལ་ཡོད་ས་བཀྲ་དང་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་དཔྱད་གཞི་རྩིས་སྤྲོད་དགོས་པ་བཅས་ཀྱི་ཁྲིམས་ཐག་གཅོད་རྒྱུའི་རེ་བ་བཏོན། ཞུ་སྦྱོར་ཕྱི་མ་བོད་ལྗོངས་སྡེ་ལས་ཞབས་ཞུ་ཀུང་སི་ག་གེ་མོ་དེས། ཞུ་སྦྱོར་སྔ་མས་ཁང་བདག་གི་ཚབ་བྱས་ནས་སྡེ་ལས་ཀུང་སི་ཕུད་མ་ཆོག་པ་དང་། ཞུ་སྦྱོར་སྔ་མས་བསྐྱལ་བའི་མིང་ཐོར་བསྐྱར་ཟློས་ཆེ་བ་དང་སྦྲགས། དོན་དངོས་ཡིན་མིན་ར་སྤྲོད་བྱེད་ཐབས་བྲལ་འདུག་ཅེས་བཤད་དེ། ཁྲིམས་ཁང་ནས་ཞུ་སྦྱོར་སྔ་མའི་ཞུ་གཏུག་རེ་ཞུ་ཚང་མ་ཕྱིར་སློག་དགོས་པའི་རེ་བ་བཏོན།
ཁྲིམས་ཁང་གི་ཁྲུན་གཅོད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དངོས་པོའི་བདག་དབང་བཅའ་ཁྲིམས》ཀྱི་དོན་ཚན་དོན་དྲུག་གི་གཏན་འབེབས་གཞིར་བཟུང་། ཞུ་སྦྱོར་ཕྱི་མ་བོད་ལྗོངས་སྡེ་ལས་ཞབས་ཞུའི་ཀུང་སི་གདན་ཞུ་མཚམས་འཇོག་བྱ་དགོས་ཚུལ་དེ་ཁུལ་ཆུང་ག་གེ་མོའི་ཁང་བདག་གིས་ཐུན་མོང་ཐོག་ཐག་གཅོད་དགོས་ཚུལ་གཏན་འཁེལ་བྱས་ཤིང་། ཞུ་སྦྱོར་སྔ་མས་ཡིག་ཐོག་གི་བསམ་འཆར་བསྡུ་ལེན་བྱེད་པའི་རྣམ་པའི་ཐོག་ནས་ཁང་བདག་གི་ཚོགས་ཆེན་འཚོགས་པ་དེ《སྡེ་ལས་དོ་དམ་སྲོལ་ཡིག》གི་དོན་ཚན་བཅུ་གཉིས་པའི་གཏན་འབེབས་དང་མཐུན་པས་ཁྲིམས་ཁང་གིས་ཁས་ལེན་བྱས། ཁྲིམས་རར་འདྲི་གཅོད་བྱེད་སྐབས་ཞུ་སྦྱོར་སྔ་མས་ཁྲིམས་ཁང་ལ་ཁང་བདག་གི་བསམ་འཆར་བསྡུ་ལེན་རེའུ་མིག་དང་བསྡོམས་རྩིས་རེའུ་མིག་ཕུལ་མོད། འོན་ཀྱང་མིང་རྟགས་འགོད་མཁན་གྱི་ཐོབ་ཐང་ལ་སྔར་བས་དཔང་རྟགས་བཏོན་མེད་པས་བསམ་འཆར་བསྡུ་ལེན་རེའུ་མིག་དང་བསྡོམས་རྩིས་རེའུ་མིག་ཚང་མར་མིང་རྟགས་འགོད་མཁན་ཁང་བདག་ཡིན་མིན་ཞིབ་དཔྱད་བྱེད་ཐབས་བྲལ་བའི་ངོས་འཛིན་བྱས།
ཁྲིམས་རར་འདྲི་གཅོད་བྱེད་སྐབས་ཞུ་སྦྱོར་སྔ་མས་ཞུ་སྦྱོར་ཕྱི་མས་ཁང་བདག་གི་ཐོབ་ཐང་ཤེས་ཀྱི་ཡོད་པས། ཞུ་སྦྱོར་ཕྱི་མས་དཔང་རྟགས་བཏོན་ནས་མིང་རྟགས་འགོད་མཁན་དེ་དག་ཁང་བདག་ཡིན་མིན་ར་སྤྲོད་བྱ་དགོས་པའི་འདོད་ཚུལ་འཛིན་ཡོད། ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མས་ཁང་བདག་ཚོགས་ཆེན་སྒྲིག་འཛུགས་བྱས་ནས་ཚོགས་སྐབས། དང་ཐོག་ཚོགས་འདུར་ཞུགས་མཁན་ཁང་བདག་ཡིན་མིན་ཞིབ་བཤེར་བྱ་དགོས། དེ་ལྟར་བྱས་ཚེ་གཞི་ནས་ཁང་བདག་གི་བསམ་འཆར་བསྡུ་ལེན་བྱེད་པའི་དམིགས་ཡུལ་འགྲུབ་ཐུབ། ཞུ་སྦྱོར་སྔ་མས་དཔང་རྟགས་འདོན་པའི་འགན་འཁྲི་ཞུ་སྦྱོར་ཕྱི་མར་དཀྲིས་པའི་འདོད་ཚུལ་བཏོན་པ་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མ་མཐུན་པས་ཁྲིམས་ཁང་གིས་ཁྲིམས་ལྟར་ཁས་བླངས་མེད། ཞུ་སྦྱོར་སྔ་མས་ཁུལ་ཆུང་ག་གེ་མོའི་ཁང་བདག་དང་ཞུ་སྦྱོར་ཕྱི་མའི་དབར་གྱི《དུས་འགོའི་སྡེ་ལས་དོ་དམ་ཞབས་ཞུའི་གྲོས་མཐུན་ཡི་གེ》རྩིས་མེད་གཏོང་བའི་གཏུག་བཤེར་རེ་ཞུར་དེ་འབྲེལ་གྱི་དོན་དངོས་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པས་ཁྲིམས་ཁང་གིས་ཁྲིམས་ལྟར་རྒྱབ་སྐྱོར་བྱ་རྒྱུ་མིན། ཞུ་སྦྱོར་ཕྱི་མ་བོད་ལྗོངས་སྡེ་ལས་ཞབས་ཞུ་ཀུང་སི་ག་གེ་མོ་དེ་སྔར་བཞིན་ཁུལ་ཆུང་ག་གེ་མོ་དེའི་སྡེ་ལས་ཞབས་ཞུའི་ཁེ་ལས་ཡིན་པས་ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མའི་དོན་ཚན་གཉིས་པ་དང་གསུམ་པའི་གཏུག་བཤེར་རེ་ཞུར་ཁྲིམས་ལྟར་རྒྱབ་སྐྱོར་བྱེད་ཀྱི་མིན་པའི་ངོས་འཛིན་བྱས། གོང་གསལ་གྱི་གནས་ཚུལ་ལ་གཞིགས་ནས། ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མ་ཁུལ་ཆུང་ག་གེ་མོ་དེའི་ཁང་བདག་ཨུ་ལྷན་གྱི་གཏུག་བཤེར་རེ་ཞུ་ཚང་མ་ཕྱིར་སློག་བྱས།།
རྩོམ་སྒྲིག་པ། མཁའ་བྱམས་ཚེ་རིང་།
|