༄༅།།རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། - ས་གནས་ཀྱི་ཁྲིམས་སྲོལ། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > བཅའ་ཁྲིམས་ཁྲིམས་སྲོལ། > ས་གནས་ཀྱི་ཁྲིམས་སྲོལ། >
༄༅།།རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས།
དུས་ཚོད།2019-04-09 16:45:44     རྩོམ་གྱི་ཡོང་ཁུངས།མཚོ་སྔོན་བོད་ཀྱི་དྲྭ་བ།    ཆུང་། | འབྲིང་། | ཆེ།
རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི  “རང་སྐྱོང”ཇི་ལྟར་བྱེད་དམ།

----རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་ཁག་མཐུན་སྒྲིལ་དང་འབད་བརྩོན་བྱེད་པ་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བའི་བརྗོད་གཞི་དམ་པོར་འཛིན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་སློབ་གསོ་གང་ལེགས་སྤེལ་བ། མི་རིགས་ས་ཁོངས་འཕེལ་རྒྱས་གཏོང་བར་ཤུགས་རྒྱག་པ། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱེད་པ། མི་རིགས་ཁག་འཆམ་མཐུན་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་འཕེལ་ཕྱོགས་གསལ་པོར་བསྟན་ཡོད།  རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ལ།  རྒྱ་རིགས་ཕུད་པའི་གྲངས་ཉུང་མི་རིགས55ཡོད།  རང་རྒྱལ་གྱི་རྩ་ཁྲིམས་ནང་དུ། རྒྱལ་ཡོངས་ཀྱི་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པའི་གཏན་འབེབས་བྱས་ཡོད་པར་མ་ཟད། གྲངས་ཉུང་མི་རིགས་ཀྱི་ཁེ་དབང་འགན་ལེན་བྱེད་ཆེད། གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དུ་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ལག་བསྟར་བྱེད་དགོས་པ་ཡང་རྩ་ཁྲིམས་ནང་དུ་གཏན་ལ་ཕབ་ཡོད། འདི་ནི་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཡིན་ལ། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཀྱང་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཛུགས་པའི་ཆ་རྐྱེན་ནི་མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་འདི་ཡིན་པ་དང་། མེས་རྒྱལ་གཅིག་གྱུར་གྱི་ཁྱིམ་གཞིས་ཆེན་མོའི་ནང་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་རྨང་གཞིར་བྱས་ཏེ། དེར་མཐུན་གྱི་རང་སྐྱོང་ལས་ཁུངས་དང་ལམ་ལུགས་བཙུགས་ནས་རང་སྐྱོང་གི་དབང་ཆ་སྤྱོད་པ་དང་། རང་བདག་སྒོ་ནས་མི་རིགས་དང་ས་ཁོངས་རང་གི་ནང་ཁུལ་གྱི་ལས་དོན་དོ་དམ་བྱས་ནས་རང་ཁྱིམ་རང་བདག་གི་ཁེ་དབང་སྤྱོད་དགོས།  

   1947ལོའི་ཟླ5པར། རང་རྒྱལ་གྱི་ཞིང་ཆེན་རིམ་པའི་མི་རིགས་རང་སྐྱོང་ལྗོངས་དང་པོ་སྟེ་ནང་སོག་རང་སྐྱོང་ལྗོངས་བཙུགས། ཀྲུང་གོ་གསར་པ་དབུ་བརྙེས་ལ་ཉེ་བའི་དུས་སུ་པེ་ཅིང་དུ་གྲངས་ཉུང་མི་རིགས་མང་པོ་ཞིག་གི་འཐུས་མི་ཚོགས་ཞུགས་བྱས་པའི་ཆབ་སྲིད་གྲོས་མོལ་ཚོགས་འདུ་འཚོགས་ནས་རང་རྒྱལ་གྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་རྒྱུ་དངོས་སུ་གཏན་འཁེལ་བ་མ་ཟད། དེ་ཉིད་གནས་སྐབས་རྩ་ཁྲིམས་ཀྱི་ནུས་པ་ལྡན་པའི«ཐུན་མོང་རྩ་འཛིན»དུ་བཀོད་པ་དང་། དེ་ནས་བཟུང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་རང་རྒྱལ་གྱི་རྩ་ཁྲིམས་རིམ་པ་ཁག་ནང་བཀོད་ཅིང་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་གྱུར་པ་རེད། རང་རྒྱལ་གྱིས་སྔ་རྗེས་སུ་ཞིང་ཆེན་རིམ་པའི་མི་རིགས་རང་སྐྱོང་ལྗོངས་ལྔ་སྟེ། ནང་སོག་རང་སྐྱོང་ལྗོངས་དང་། བོད་རང་སྐྱོང་ལྗོངས། ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་བཅས་བཙུགས་པ་རེད། གཞན་ཡང་ད་དུང་མི་རིགས་རང་སྐྱོང་ཁུལ30དང་། མི་རིགས་རང་སྐྱོང་རྫོང120བཅས་ཡོད་ལ། ཁྱོན་མི་རིགས་རང་སྐྱོང་ས་ཁུལ155ཡོད་པ་དེ་དག་གིས་རང་རྒྱལ་ས་ཁྱོན་གྱི64%ཟིན་ཡོད།


   མི་རིགས་ཚང་མ་འདྲ་མཉམ་ཡིན་པའི་ཁེ་དབང་འགན་སྲུང་བྱེད་པ་དང་། གྲངས་ཉུང་མི་རིགས་ཁག་གིས་རང་ཁྱིམ་རང་བདག་སྒོ་ནས་མི་རིགས་ནང་ཁུལ་གྱི་ལས་དོན་ལ་དོ་དམ་བྱེད་པའི་རེ་བ་གང་ཐུབ་ཅི་ཐུབ་ཀྱིས་མངོན་འགྱུང་ཡོང་ཆེད། རང་རྒྱལ་གྱི་མི་རིགས་ཁྱབ་རྒྱ་ཆེ་བའི་འདྲེས་སྡོད་དང་། ཁྱབ་ཆུང་བའི་འདུས་སྡོད། ཕན་ཚུན་གཅིག་ཏུ་འདྲེས་ནས་འཚོ་སྡོད་བྱེད་པ་བཅས་ཀྱི་དོན་དངོས་ལ་གཞིགས་ནས་ས་ཁུལ་རང་སྐྱོང་བྱེད་ཐབས་རིགས་གསུམ་ལག་ལེན་བསྟར་ཡོད་དེ། (1)གྲངས་ཉུང་མི་རིགས་རིགས་གཅིག་གི་འདུས་སྡོད་ཁུལ་རྨང་གཞིར་བྱས་ནས་བཙུགས་པའི་རང་སྐྱོང་ས་ཁོངས་ཏེ། དཔེར་ན་བོད་རང་སྐྱོང་ལྗོངས་ལྟ་བུ་དང་། (2)མི་གྲངས་ཅུང་མང་པའི་གྲངས་ཉུང་མི་རིགས་ཤིག་གི་འདུས་སྡོད་ཁུལ་རྨང་གཞིར་བྱས་ནས་བཙུགས་པའི་རང་སྐྱོང་ས་ཁོངས་སུ་མི་གྲངས་ཉུང་བའི་གྲངས་ཉུང་མི་རིགས་གཞན་པའི་རང་སྐྱོང་ཁུལ་ཡོད་པ་དཔེར་ན། ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཧ་སག་རིགས་དང་། ཁོར་ཁེ་ཙི་རིགས། སོག་རིགས། ཧུའེ་རིགས་བཅས་ཀྱི་རང་སྐྱོང་ཁུལ་དང་།ཞི་པོ་རིགས་དང་ཐ་ཅི་ཁེ་རིགས་ཀྱི་རང་སྐྱོང་རྫོང་ཡོད་པ་ལྟ་བུ་རེད། (3)གྲངས་ཉུང་མི་རིགས་རིགས་གཉིས་སམ་རིགས་གཉིས་ཡན་འདུས་སྡོད་བྱེད་པ་རྨང་གཞིར་བྱས་ཤིང་མཉམ་འབྲེལ་སྒོ་ནས་བཙུགས་པའི་རང་སྐྱོང་ས་ཁུལ་དཔེར་ན། ཡུན་ནན་ཞིང་ཆེན་གྱི་ཏི་ཧོང་ཏེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཁུལ་དང་། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མའོ་རིགས་ཏུང་རིགས་རང་སྐྱོང་ཁུལ། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལུང་ཧྲེང་མི་རིགས་ཁག་གི་རང་སྐྱོང་རྫོང་ལྟ་བུ་ཡིན།

   རང་རྒྱལ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱིས་གྲངས་ཉུང་མི་རིགས་ལ་རང་གི་ས་ཁུལ་གྱི་ལས་དོན་རང་བདག་གིས་དོ་དམ་བྱེད་པའི་དབང་ཆ་སྤྲད་ཡོད། རྩ་ཁྲིམས་ཙམ་མ་ཟད།   རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཀྱང1984ལོར«མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས»གཏན་ལ་ཕབ་ནས།  མི་རིགས་རང་སྐྱོང་ས་ཁུལ་དང་། རང་སྐྱོང་ལས་ཁུངས། རང་སྐྱོང་གི་དབང་ཆ་སོགས་པའི་སྐོར་གཏན་འབེབས་གསལ་པོར་བྱས་ཡོད། མི་རིགས་ས་ཁོངས་རང་སྐྱོང་གི་སྙིང་པོ་ནི་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ཀྱིས་རང་སྐྱོང་གི་དབང་ཆ་ལོངས་སུ་སྤྱོད་རྒྱུ་དེ་ཡིན།   རྩ་ཁྲིམས་དང«མི་རིགས་ས་ཁོངས་རང་སྐྱོང་སྐོར་གྱི་བཅའ་ཁྲིམས»སུ་གཏན་ལ་ཕབ་དོན། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དུ་ཀྲུའུ་རིན་ནམ་ཀྲུའུ་རིན་གཞོན་པའི་འགན་འཁུར་མཁན་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ཡོད་དགོས་པ་དང་། མི་དམངས་སྲིད་གཞུང་དུ་ཀྲུའུ་ཞི་དང་། ཁུལ་དཔོན། རྫོང་དཔོན་བཅས་ཀྱི་འགན་འཁུར་མཁན་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ཡོད་དགོས་པ་མ་ཟད།  རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་ཁྲོད་དུའང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་བསྐོ་འཇོག་ཅི་ཐུབ་བྱ་དགོས་པ་དང་། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རང་སྐྱོང་སྲོལ་ཡིག་གམ་གཅིག་སྤྱོད་སྲོལ་ཡིག་གཏན་ལ་ཕབ་ཆོག རང་སྐྱོང་སྲོལ་ཡིག་གམ་གཅིག་སྤྱོད་སྲོལ་ཡིག་ནང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་བབ་བསྟུན་གྱིས་སྒྱུར་བཅོས་ཀྱི་གཏན་འབེབས་བྱས་ཆོག་པ་དཔེར་ན། མི་རིགས་ས་ཁོངས་རང་སྐྱོང་ཡིན་པའི་ཁུལ་ལ་ལར་མི་རིགས་རང་གི་ཆོས་ལུགས་སྲོལ་རྒྱུན་དང་འཚོ་བའི་གོམས་གཤིས་གཞིར་བཟུང་ནས«གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས»ནང་གི་གཉེན་སྒྲིག་གི་ལོ་ཚད་སྐོར་གྱི་གཏན་འབེབས་བབ་བསྟུན་གྱིས་སྒྱུར་བཅོས་བྱས་ནས། མི་རིགས་དེ་ཉིད་ཀྱི་སྤྱི་དམངས་གཉེན་སྒྲིག་བྱེད་རུང་བའི་ལོ་ཚད་ཇེ་ཆུང་དུ་བཏང་ཆོག གཞན་ཡང་། མི་རིགས་ས་ཁོངས་རང་སྐྱོང་ས་ཁུལ་ལ་ནོར་སྲིད་དཔལ་འབྱོར་ཀྱི་རང་བདག་གི་དབང་ཆ་དང་། རིག་གནས་དང་སྐད་ཡིག་བེད་སྤྱོད་བྱེད་པའི་རང་བདག་གི་དབང་ཆ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དམིགས་བསལ་བསྐོ་སྤྱོད་བྱེད་པའི་དབང་ཆ་སོགས་ཡོད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།