中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། འབྲོག་ཁྱིའི་ལས་དབང་། སྟག་རི་འབྲུག་ཐར།
དུས་ཚོད།2016-12-21 16:10:05     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
\
 
གནམ་སྔོན་པོའི་འགྱུར་མེད་བགོ་སྐལ་ཞིག་གིས།།
ཚེ་སྐྱེ་བ་འདི་ལ་ཁྱིའི་ལུས་བླངས་སོང་།།
མི་མགོ་ནག་ཟེར་བའི་བྲན་གཡོག་གྱུར་སོང་།།
རྣོ་ལྕགས་ནག་ཨ་ལོང་སྐེ་ལ་དཔྱངས་ཡོད།།
ཚེ་གང་བོའི་བསྟི་གནས་སྒོ་ཁར་བཅོལ་ཡོད།།
དུས་ཉིན་མཚན་གཉིས་ཀར་འགན་འཁྲིས་མནན་ཡོད།།
ངས་བདག་པོའི་བཀའ་གསུང་དང་དུ་བླངས་ཡོད།།
མགྲོན་ཆ་མེད་རྒྱུས་མེད་ཟུག་བརྡ་བཏང་བ།།
རྐུན་ཇག་པ་འཁྱམ་པོར་རྒོལ་ལན་སྤྲད་དེ།།
ཁྱིམ་བཟའ་ཚང་གང་བོར་བག་བདེ་བྱིན་ནས།།
དུས་རྣམ་ཀུན་བྱ་རའི་འགན་ཁུར་བརྗེད་མེད།།
ཚེགས་ལྗིད་ཀྱང་མཐའ་དམན་ཁྱི་རྒན་ཟེར་གི།།
གན་བདག་པོ་སེམས་མེད་བྱམས་མེད་གན་གིས།།
ལྟོ་ངན་ངོན་ཟ་འཕྲོ་འཐུང་འཕྲོ་ལྡུད་ཀི།།
ང་ལྟོགས་དུས་སྐྱོ་ཞིང་རྒྱགས་དུས་སྐྱིད་ཡོད།།
སྐྱིད་མི་སྐྱིད་སྡུག་བསྔལ་རེས་མོས་མྱངས་ཡོད།།
ངའི་ཕྲག་གི་འགན་ཁུར་གཙིགས་སུ་བཟུང་ཡོད།།
བཙག་ལྷགས་རླུང་སྤུ་གྲིའི་དངོ་ཁ་བཙན་རུང་།།
བྱམས་སྙིང་རྗེས་གཅེས་སྐྱོང་བྱེད་མཁན་ང་མེད།།
ཆར་སེར་བའི་འབབ་རྒྱུན་ཇི་འདྲའི་དྲག་ཨང་།།
བྱམས་བརྩེ་བས་སྐྱོང་མཁན་གཉེན་གཅིག་ང་མེད།།
ངས་ཕ་མེས་དྲན་པས་བཙལ་འདོད་སྐྱེས་རུང་།།
འགྲོ་གོམ་པའི་རང་དབང་ང་ལ་མི་འདུག།
ཉིན་གང་བོར་ཡར་མཆོངས་མར་མཆོངས་བྱེད་དགོས།།
ངའི་དཀའ་སྡུག་མིག་གིས་འཚོ་མཁན་སུ་ཡོད།།
སྨག་མཚན་མོ་ཟུག་སྐད་དགུང་ལ་བསྐུར་ཡང་།།
ངར་ཨ་ལན་འདེབས་པའི་ཟླ་བོ་སུ་ཡོད།།
འདི་བསམ་ཞིང་བསམ་ན་སྐྱོ་བའི་གཞི་རེད།།
འདི་ཡང་ཡང་གླེང་ན་སྡུག་བསྔལ་མཚོ་རེད།།
ལས་བཙོག་པས་དུད་འགྲོའི་གྲལ་རྔར་མི་ཐེ།།
ཉམ་ཆུང་བས་མཐེ་བོང་སྟོན་མཁན་མེད་རུང་།།
དུས་ཉིན་མཚན་སྐར་བཟང་འགྲིག་དུས་ཤིག་ལ།།
གཏམ་ཆ་མེད་མགྲོན་པོ་གལ་ཆེན་ཞིག་གིས།།
འཕྲུལ་རླངས་འཁོར་རྒྱ་སྒོའི་འཁྲིས་སུ་སླེབས་ཏེ།།
ངར་འདྲིས་པའི་ཚུལ་གྱིས་ལག་བརྡ་སྟོན་གི།།
ངར་དགའ་བའི་ཚུལ་གྱིས་ལྟོ་ཆས་འཕེན་གི།།
ངའི་བདག་པོ་ཡོག་ལི་སེམས་མེད་གན་ཡང་།།
འགྲོ་གོམ་པའི་འདེགས་འཇོག་ཡང་མོ་བསྒྱུར་བཞིན།།
ངའི་མགོ་ལ་བྱིལ་བྱིལ་ལན་འགའ་བྱས་བྱུང་།།
འཛོམས་མི་འཛོམས་དགེ་མཚན་འུད་ལ་སྒྲོག་ནས།།
ཁ་དགའ་བའི་ཟོལ་གྱིས་བསྟོད་བསྔགས་བྱས་ཐལ།།
རྒྱུས་མངའ་བའི་ཚུལ་གྱིས་ཡང་ཡང་འཐམ་གི།།
དུས་དེ་རིང་ཉིན་བཟང་སྐར་བཟང་འདི་ལ།།
གཏམ་འདི་འདྲའི་སྙན་མོ་གོ་སྐལ་མ་བྱུང་།།
སྙིང་བརྩེ་བ་དྲོན་མོ་སྟོན་སྐལ་མ་བྱུང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།