中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། བགྲོད་པ།
དུས་ཚོད།2016-12-28 16:13:04     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། སེང་གདོང་། [རྨ་ཆུ]     ཆུང་། | འབྲིང་། | ཆེ།
གོམ་པ་གང་ག་ལེར་སྤོས་རྗེས།
སྨིག་རྒྱུའི་རི་མོ་རེ་རེ་ལས་ཆུ་ཐིགས་འཛགས་ཤིང་།
མཚན་མོ་འདིའི་མངལ་དུ་ལྷུང་བའི་གྲིབ་གཟུགས་དག་གིས།
སྙིང་ཉེ་བའི་ཁོ་མོའི་གདོང་ལ་བྱིལ་བྱིལ་བཏང་།
མགྲིན་པ་བརྣངས་ཤིང་གྲེ་བ་འགག་པའི་དུས་སུ།
ནག་རོག་རོག་གི་ལྗོན་པ་དག
ནག་རོག་རོག་ཏུ་ཡལ་ཞིང་།
ང་དང་ཁ་ཐག་ཉེ་བའི་མི་རྣམས་ནི།
བར་ཐག་གིས་རང་སོར་བཞག་སོང་ཨང་།
 
མིག་མདུན་དུ་རབ་རིབ་ཀྱིས་མངོན་ཡོང་བའི།
རི་ལ་ཐང་མེད་པའི་གཞུང་ལམ་དང་རྐང་ལམ་ནི།
ད་རག་བར་དུ་ལུས་འབྲེལ་བྱུང་བའི་བུ་མོ་ཚོའི་ཕྱོཊ་སུ་འཐེན་པ་འདྲ་མོད།
ཆུང་དུས་ཀྱི་རྨི་ལམ་དང་ཁ་ཐག་རིང་བའི་ཚོགས་རྣམས་ཀྱིས།
ཆང་དང་བུད་མེད་ལ་སོ་དཀར་འཛུམ་བག་སྟོན་ཞིང་།
ང་ནི་འཇིག་རྟེན་གྱི་གཟེངས་མཐོ་བའི་གྲུ་ག་གང་དུ་ཡོད་མིན་ཅི་ཆ།
 
འོན་ཀྱང  ང་ལ་ཅི་ཡང་མི་དགོས་ཏེ།
རང་སྲོག་གཅོད་བྱེད་ཀྱི་ཤེས་རབ་དང་སྙིང་སྟོབས་ཀྱིས།
སེང་ལྕམ་འབྲུག་མོ་ལྟ་བུའི་མཛེས་མ་ཚོར་གྱེས་ཤིང་།
ཆུང་འདྲིས་ལྷ་མོ་ཟེར་བའི་གླེན་མ་འདིས་ཆོག་གོ།
    ང་ལ་བཅར་མ་ཡོང་།
རང་གི་ངོ་གདོང་ཤོག་བུ་ཞིག་ཏུ་བཟོས་རྗེས།
ཐག་རིང་དུ་སྤུར་འདོད་ཆེ་ཨང་།
མི་སེམས་ཀྱི་མི་སྡུག་པ་རེ་རེ་ནི།
འདོམ་དུ་སྐྱེས་པའི་རྨོངས་སྤུ་བཞིན་གཟེངས་ཡོང་།
 
མི་རྣམས་གཉིད་དུ་ཡུར་ཞིང་།
ཕྱི་རོལ་གྱི་ཡོད་ཚད་ལྷིང་འཇགས་སུ་གནས་པས།
པི་ཝང་དཀྲོལ་བའི་ཡུལ་གྱར་བ་རེ་རེ།
རེག་བྱ་འཇམ་པའི་བུ་མོ་ཞིག་དང་འདྲ།
 
འབྱུང་འགྱུར་གྱི་ལམ་ཕྲན་དུ།
རེ་བ་མ་ལུས་སྐྱོ་སྣང་གི་ཁ་དོག་ལ་བསྲེས་ཤིང་།
ལག་པ་ཟུང་ངང་གིས་འཇུས་པ་ནི།
མཐའ་མཇུག་གི་གོ་སྐབས་ཐེངས་ཤིག་ཡིན།
 
སྤྱོད་སྒོ་སྤུ་ཙམ་མེད་པའི་ཅ་ལག་གང་རུང་ནི།
ལུས་པོ་མོ་ནད་ཀྱིས་ཟིན་པའི་སྨད་འཚོང་མ་ཞིག་སྟེ།
འཆི་བ་ཙམ་ལས་སྙིང་ཉེ་ས་ཞིག་མེད་པས།
རང་ཉིད་གཞན་ཞིག་ཏུ་རྟོག་བཟོ་བྱས།།
 རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།