中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། གཅེས་ཕྲུག་མ ཁྱོད་དེ་རིང་གནས་ལ་འགྲོ་དགོས།
དུས་ཚོད།2017-01-04 22:29:02     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། དཀར་ལུང་པདྨ་རྡོ་རྗེ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
སྲིད་པ་འདིའི་འགྲོ་ལུགས་ལྟར།
གཅེས་ཕྲུག་མ  ཁྱོད་དེ་རིང་གནས་ལ་འགྲོ་དགོས།
ལང་ཚོའི་ཁོ་ལག་རྫོགས་པའི་མཛེས་སྡུག་གི་གྲུབ་ཆ་རེ་རེར།
ཕ་མས་ཁྱོད་ལ་གནང་བའི་ཤ་ཚའི་སྙིང་གཏམ་རེ་རེ་ཡོད་ལ།
ཁྱོད་ཀྱི་འདེགས་འཇོག་གིས་བསྒྱུར་བའི་གོམས་སྟབས་རེ་རེའི་བར་གསེང་ན།
ཕ་མའི་མིག་ཟུང་གིས་འཚོས་པའི  རྔུལ་ཆུའི་ཐིགས་པ་རེ་རེ་ཡོད།
 
གཅེས་ཕྲུག་མ  ཁྱོད་ནར་སོན་འདུག  ཁྱོད་དེ་རིང་གནས་ལ་འགྲོ་དགོས།
དེ་རིང་ནས་བཟུང  ཁྱོད་སྐྱེས་པ་ཞིག་གི་ཆུང་མ་ཡིན་ལ།
དེ་རིང་ནས་བཟུང  ཁྱོད་གཡང་ཁྱིམ་ཞིག་གི་མནའ་མ་ཡིན།
དེ་རིང་ནས་བཟུང  ཁྱོད་གཞི་ཁྱིམ་ཞིག་གི་བདག་མོ་ཡིན།
 
ཁྱིམ་མི་ཚོའི་ལྷན་འཛོམས་ཀྱི་དགོད་སྒྲ་འདི་ནི།
ཁྱོད་ལ་གནང་བའི་བརྩེ་བ་ཞིག་གི་སྐྱེལ་མ་ཡིན་ལ།
ཡུལ་མི་ཚོས་དྲངས་པའི་བདུད་རྩི་ཡི་མཆོད་པ་རེ་རེ་འདི།
ཁྱོད་ལ་བོས་པའི་རྟེན་འབྲེལ་ཞིག་གི་ཁ་གཡང་ཡིན།
 
གཅེས་ཕྲུག་མ  ཁྱོད་དེ་རིང་གནས་ལ་འགྲོ་དགོས།
ཕ་ཁྱིམ་གྲུ་བཞི་འདིའི་བརྩེ་བ་ཡོད་ཚད།
ནམ་ཡང་ཁྱོད་ཀྱི་སེམས་ཁོང་གི་འདུ་ར་ཡིན་ལ།
ཕུ་ནུ་མིང་སྲིང་ཚོའི་དགའ་སྤྲོའི་འཛུམ་མདངས་རེ་རེ།
ནམ་ཡང་ཁྱོད་ཀྱི་སྙིང་ཁོང་གི་བརྩེ་བ་ཡིན།
ཕ་མས་དུས་རྒྱུན་གྱི་བསླབ་བྱ་རེ་རེ།
ནམ་ཡང་ཁྱོད་ཀྱི་རྟག་བརྟན་གྱི་རྒྱབ་རི་ཡིན།
 
གཅེས་ཕྲུག་མ  ཁྱོད་དེ་རིང་གནས་ལ་འགྲོ་དགོས།
ཐབས་ཀའི་ཡར་སྒྱིད་དུ་འདུག་པའི་རྒན་པོ་ལ་རང་གི་ཕ་ལོ་བཞིན་གཅེས་དགོས།
ཁྱིམ་དེར་འབད་འབུངས་ཀྱིས་སྐྱོང་མཁས་ཨ་ནེ་དེར་རང་གི་མ་ལོ་བཞིན་བྱམས་དགོས།
ཡུལ་མིའི་གྲུབ་ཆ་རུ་གྱུར་པའི་བྱིས་པ་དག་རང་གི་མིང་སྲིང་བཞིན་སྐྱོང་དགོས།
སྔོན་གྱི་ལས་འབྲེལ་གྱིས་བསྩལ་བའི་ཚེ་གྲོཊ་ལ་རང་གིས་རང་ལ་གཅེས་པ་བཞིན་བརྩེ་དགོས།
 
གཅེས་ཕྲུག་མ  ཁྱོད་དེ་རིང་གནས་ལ་འགྲོ་དགོས།
ཁྱོད་སྐྱིད་ན་ཕ་མའི་བདེ་སྐྱིད་ཡིན་པས།
ཁྱོས་སྐྱིད་ཅིག་ཡོད་ན་འཁྱེར་ལ་སོང་།
སྙིང་གི་གཅེས་ཕྲུག་མ།།
 རྩོམ་སྒྲིག་པ། ཡུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།