中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག དཔྱད་རྩོམ། >
༄༅།། མིག་རྩ་འཁོར་གྱིས་དཀྲོགས་པའི་རྨི་ལམ།
དུས་ཚོད།2015-11-18 10:05:08     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
ཁྲི་སྐལ་བཀྲ། [མཚོ་སྔོན]
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།

མདོ་སྔགས་ལམ་བཟང་སྒྲུབ་ལ་བསླབ་བྱ་ཞིག་དགོས་ཀྱང་།།
གཞན་ཕན་ཁུར་དུ་བླངས་པའི་ངང་ཚུལ་རེ་མཐོང་ན།།
གསུམ་ལྡན་ངུར་སྨྲིག་པ་རང་བྱེད་པོ་རུ་བསམས་ཏེ།།
རང་ལ་ཚོགས་བསགས་མེད་ན་ཡི་མུག་རེ་སྐྱེས་འོང་།།

ཚེ་ལ་འདི་དང་ཕྱི་མའི་སྐྱེ་བ་ཞིག་མཆིས་པས།།
དེང་གི་སྐུ་སྐྱེ་སྐྱབས་སུ་བསྟེན་པ་རང་བྱུང་མོད།།
བདེན་ཁ་གསེར་གྱི་ཐག་པས་དམ་པོ་རུ་བསྡམས་རུང་།།
རྙེད་དཀའི་མི་ལུས་ཟད་ན་རང་སྡུག་དེ་ཚོར་འོང་།།

ནོར་རྐུན་མི་རྐུན་གཤིན་རྗེའི་ལག་འོག་ཏུ་ཐར་བ།།
ལྐོག་གྱུར་བསང་མཆོད་ཕུད་དེ་སྐྱབས་ཤིག་ཀྱང་རྙེད་ལ།།
མངོན་འགྱུར་འཆི་བ་མིག་གིས་མཐོང་བ་དེ་བཟོད་ཀྱང་།།
ཉེས་སྤྱོད་ཆུ་མིག་བརྡོལ་ན་རང་མཚང་ཡང་དྲན་འོང་།།

བདེ་འགྲོའི་རི་ན་ལྷ་ཡི་དར་ལྕོག་དེ་མ་ཟད།།
བདེ་བ་ཅན་ན་འདོད་པའི་གཤོག་པ་རེ་ཐོགས་ཀྱང་།།
གར་འགྲོ་གར་འདུག་རང་ལ་ངེས་གཏན་ནི་དཀོན་ཕྱིར།།
དམྱལ་བའི་གཏིང་རྡོ་མཐོང་ན་སྡུག་གླུ་རེ་ཤོར་འོང་།།

སྐྱིད་སྡུག་མི་ཚེ་ལམ་གྱི་འཇའ་ཚོན་ལས་མཛེས་ཤིང་།།
འདེམ་དབང་ཡོད་ཀྱང་གང་བསམ་ཅི་འདོད་རེ་སྐྱེས་མོད།།
ཐར་ལམ་མེད་ན་ངང་བ་འདམ་ཟུག་ལས་སྡུག་པས།།
རང་སྡུག་རང་གིས་ཉོས་ཚེ་འཇིགས་པ་རེ་སྐྱེས་འོང་།།

གཞན་ཕན་འཛུམ་ངོ་ཉི་མའི་འོད་ཟེར་བཞིན་འཕྲོས་ཤིང་།།
འདི་ཕྱིའི་སྐྱབས་འཇུག་དགོང་ཁའི་མར་མེ་ལྟར་གཟིམས་ན།།
བསྟན་པའི་སྒོ་རུ་ཚུད་པའི་མགོ་ནག་གི་ཕྲེང་འཛིན།།
རང་ཉིད་གར་འགྲོ་མེད་ན་ཡི་མུག་ཅིག་འཁོར་འོང་།།

སྡོམ་གསུམ་ནོར་བུ་རྙེད་དཀའི་གཏེར་ཁ་དེ་ཕྱེ་འདྲ།།
ཕྱི་བལྟས་ནང་བལྟས་གང་ནས་རིན་ཐང་རེ་ཆེ་བས།།
ཉེས་ལྟུང་རྙོག་ཆུ་རྡོལ་བའི་ཆུ་མགོ་ཞིག་ཡིན་ན།།
ནམ་ཞིག་དྭངས་པའི་ཡིད་ཆེས་རྩ་བ་ནས་འགྱིངས་འོང་།།

ཕྱི་ཕྱིར་འཆང་བའི་ཉམ་ཐག་ཡི་མུག་གིས་སྦངས་ཏེ།།
ཐར་བ་འདོད་ན་རང་ཉིད་སངས་རྒྱས་སུ་འདོད་ཀྱང་།།
ཟང་ཟིང་སྒྱུ་མའི་གྲོང་གི་ཆོ་འཕྲུལ་གྱིས་བསླུས་ཚེ།།
ཅི་བྱས་འཁོར་ལ་སྲེད་ན་སྐྱོ་གར་རེ་འཁྲབ་འོང་།།

མིག་རྩ་འཁོར་གྱིས་དཀྲོགས་པའི་རྨི་ལམ་གྱི་ཞིང་ན།།
རང་ཉིད་ཆོག་ཤེས་བསམ་པའི་མི་ལུས་ཀྱི་འདུ་ཤེས།།
འདི་ཕྱི་གང་དུ་འགྲོ་བའི་དཀའ་ཚེགས་རེ་ཆེ་བས།།
ཕན་མེད་ཁྱི་སྡུག་བྱུང་ན་རྣམ་སྨིན་རེ་འཁོར་འོང་།།

དད་པའི་རྒྱུ་ནོར་མཛོད་ཀྱི་ཁང་ཆེན་དུ་བརྫངས་ཤིང་།།
ཚེ་འདིར་འཇའ་ཚོན་ལས་ཀྱང་མཛེས་པ་ཞིག་ངོམ་མོད།།
དམ་ཆོས་གང་དགོས་རང་གི་བློ་ཡུལ་དུ་བབས་ཀྱང་།།
འཆི་ཚེ་ཙམ་གྱིས་བསྐྱུར་ན་སྐྱོ་བ་རང་སྐྱེས་འོང་།།

བསྟན་པའི་དགོན་ཆེན་ནང་ན་ཉིན་ཞག་དེ་བརྗེ་རུང་།།
ཆོས་ཀྱི་ཀློག་འདོན་དགོས་འདོད་ཆར་ཆུ་ལྟར་འཇོ་རུང་།།
ལྟ་ལོག་ངན་པས་ཕུ་དཀྲུགས་མདའ་དཀྲུགས་ལ་གོམས་ཕྱིར།།
ཆགས་སྡང་རུ་མར་གྱུར་ན་སྙིང་རླུང་ཞིག་ལྡང་འོང་།།

རྒྱ་ཆེན་གཞུང་ལ་ལྟ་བའི་མིག་ཟུང་དེ་བགྲད་ཚེ།།
འགྲིག་འདོད་ཆོས་བཤད་རྒྱག་པའི་རྣམ་འགྱུར་རེ་མཐོང་ན།།
གཡོ་དང་རྫུན་གྱི་ངང་ཚུལ་ཅིག་ཅར་དུ་འཆར་ཡང་།།
མཆོག་གསུམ་ཐུགས་ཁྲེལ་འབྱུང་ན་མིག་ཆུ་རེ་ལྷུང་འོང་།།

སྙིང་རྗེའི་རང་ཚུགས་འབད་མེད་གང་བསམ་གྱིས་འགྲིབ་ལ།།
དགེ་སྦྱོར་ཚུགས་ཀས་སྐད་འཇམ་འདོན་པ་དེ་ཚོར་ན།།
རང་མཁོ་ཕུགས་སུ་བཅུག་པའི་ཧམ་སེམས་ཀྱི་རྣམ་ཤེས།།
འབྲི་ཆུའི་གཞུང་ལ་བཏབ་པའི་གཟི་ཉམས་རེ་འཆར་འོང་།།

མི་ཚེ་ཆོས་ལ་བསྐྱལ་བའི་མལ་ས་དེ་བདེ་ཞིང་།།
སྒྲུབ་པ་ཐུགས་སུ་གཞོལ་བའི་ཉམས་ལེན་ཡང་འཛོམས་མོད།།
ད་ལྟ་སོས་བདེར་བསྡད་པའི་མི་ཚོགས་ཀྱི་ཁྲོད་ན།།
འཆི་ཁར་སྡུག་སྨྲས་ཤོར་ན་ཡི་མུག་རེ་སྐྱེས་འོང་།།

རྒྱལ་བའི་བཀའ་དང་དམ་པའི་གསུང་རབ་ལ་མཇལ་ན།།
འཁྲུལ་མེད་རྣམ་དག་ལམ་བཟང་མིག་མདུན་ན་མངོན་ཞིང་།།
འཁོར་བའི་སྐྱོན་ཡོན་རང་སྒོའི་ཐེམ་པ་ལས་མཐོ་བས།།
རང་སེམས་རང་ལ་བལྟས་ན་སྐྱུག་མེར་ཅིག་ལངས་འོང་།།

བཅོས་མའི་མེ་ཏོག་འདྲ་ཡང་རང་མཉམ་གྱི་མཆོག་ལ།།
རང་མགོ་ཐོན་རུང་ལ་ཁའི་ཉི་འོད་བཞིན་འཚེར་ཞིང་།།
རང་ལ་བལྟ་བའི་མེ་ལོང་གཙང་མ་རུ་འཕྱིས་ཏེ།།
རང་སྐྱོན་དོར་ནས་མི་ཆོས་རྩ་བ་ལ་འཇུས་ཤིག།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།