རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།
བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་སྙིང་མོ་སྐྱིད།
དུས་རབས་ཀྱི་དཀྱོགས་མཚམས་ན།
ཀྱག་ཀྱོག་གི་ལམ་བར་ན།
འཁོར་བའི་སོ་ཁ་ན།
རླུང་ཁའི་དར་ལྕོག་བཞིན་འཛད་པའི་ཨ་མ་ལགས།
གཅེས་ཕྲུག་གི་བདེ་སྐྱིད་བསམ་བཞིན།
རྔུལ་ཆུའི་ཐིགས་པ་རེ་རེ་ས་འཛིན་གྱི་ཕང་བར་བཏབ་སྟེ།
ནམ་རྒྱུན། སྦྲ་ནག་གི་འདབས་ངོགས་ནས་སུ་ལ་སྒུག
གྲང་རེག་གི་ནངས་མོ་རེ་རེར།
སྐྱ་རེངས་ཀྱི་གྲོགས་སུ་ལངས་ཏེ།
འབྲི་མོའི་བཞོ་དབྱངས་ངག་ལ་གྱེར་བའི།
དྲིན་ལྡན་གྱི་མ་ལོ་ལགས།
དྲན་གདུང་གི་སེམས་པ།
ལྷོ་བཞུད་ཀྱི་སྤྲིན་ཕུང་ལ་བཅོལ་ཡང་།
ཡ་ཆུང་གི་སྙིང་ལ་བཅོས་ཐབས་མ་བྱུང་།
ཨ་མའི་བཀའ་དྲིན་བསམ་བཞིན།
ལག་པ་བྲང་ཁར་བཞག་སྟེ།
རང་ཉིད་ལ་སྐད་ཆ་ཐེངས་གཅིག་སྨྲ་དགོས།
ཨ་མ་ལགས།
ཁྱེད་ནི་རྒྱུ་སྐར་ཁྲི་འབུམ་གྱི་དབུས་ན།
གསལ་ལྷང་ངེར་གནས་པའི་དུང་མདོག་གི་ཟླ་གཞོན་ཡིན།
ཁྱེད་ནི་འགྱུར་མེད་རྟག་བརྟན་གྱི་ཇོ་མོ་གླང་མ་ཡིན།
ཀུན་གྱི་སྐྱབས་སུ་རུང་བའི་རྗེ་བཙུན་སྒྲོལ་མ་ཡིན།
ཨ་མ་ལགས། ངའི་རྒྱབ་རི་ལྟ་བའི་ཨ་མ།
དྲན་གདུང་གི་སེམས་པར་གཤོག་རྩལ་རྒྱས་ནས།
དཔངས་མཐོ་བའི་ནམ་འཕང་བསྟོད་པར་ཅིས་མི་བྲེལ།
ཨ་མ་ལགས།
རྩྭ་ཐང་གི་ཕ་མཐའ་ན་ལུས་པའི་བྱམས་ལྡན་གྱི་མ་ལོ།
ཁྱེད་ཉིད་དག་ཞིང་འདིའི་མཁའ་དབྱིངས་ན་གཞན་ལས་མཛེས་པས།
གཅེས་ཕྲུག་ཚོའི་རེ་སྒུག་ལ།
ནམ་ཡང་། ཟླ་དྲུག་པའི་མེ་ཏོག་བཞིན་བཞད་པར་སྨོན།།
|