དཔྱིད་མྱུག {མཚོ་སྔོན }
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།
སྙིང་གཏམ་དང་དྲོད་ཁོལ་གྱི་ལྟག་རྒྱབ་ནས།
མཚན་སྨག་དང་མིག་ཆུ་ལུང་བ་གང་གིས་ང་རང་རྨས།
གྱེས་བྲལ་གྱི་ལས་དབང་རང་ཐོག་ཏུ་བབས་དུས།
ངས་ཁྱོད་ལ་འཁྲེང་ཞེན་གྱི་གླུ་དབྱངས་བླངས་པ་གྲངས་མེད།
རི་ལུང་རྒྱུས་མེད་ཀྱི་ཉི་མ་འདིའི་འཆར་ནུབ་ཧ་ཅང་དལ་ཞིང་།
རླབས་ཕྲེང་གྱེན་དུ་འཕྱོ་བའི་ཆུ་བོ་འདིའི་བཞུར་སྒྲ་ཧ་ཅང་མཐོ།
སྐབས་འགར་ཁྭ་ཏ་ནག་པོས་མགོ་ཐོག་ནས་ཨག་འགྱུ་བྱེད་ལ།
འཐོར་རླུང་རྒོད་པོ་ནམ་རྒྱུན་གདུག་རྩུབ་ཀྱིས་ལྡང་བཞིན་ཡོད།
འདི་དག་ཐམས་ཅད་ནི་ན་ཟུག་གི་སློང་རྐྱེན་ཡིན་ལ།
འདི་དག་ཐམས་ཅད་ནི་གདུང་སེམས་ཀྱི་རྨ་ཁ་ཡིན།
འདི་དག་ཐམས་ཅད་ནི་རྟག་བརྟན་གྱི་འཆར་སྣང་ཡིན་ལ།
འཆར་སྣང་འདི་ཁྱོད་གཅིག་པུ་དྲན་པའི་ཁེར་རྐྱང་གི་མིག་ཆུ་ཡིན།
བར་སྐབས་གང་མང་ཞིག་ལ་རྨི་ལམ་ལས་མཇལ་འཛོམས་བྱུང་ཡང་།
རྨི་ལམ་ལས་ཁྱོད་ཀྱི་འཛུམ་ཀོང་མཐོང་བ་ཧ་ཅང་དཀོན།
དངོས་གནས་ལས་དབང་རེ་རེའི་གོ་འཛོལ་བར་ནས།
ཁྱོད་ཀྱི་དྭངས་གཙང་དང་དྲོད་ཁོལ་དྲན་པ་འགོག་ཐབས་མེད།
སྟབས་མ་ལེགས་པར་ཁ་པར་དེ་ཡང་འཕྲོད་མ་བྱུང་ལ།
འཕྲིན་ཡིག་ཀྱང་སྐབས་འགར་སྤྲིན་ནག་གིས་མིད་པ་བཞིན་ཆད་འགྲོ།
ཁྱོད་ཀྱིས་མཛའ་སེམས་ལ་ཀུ་རེ་རྩེད་པ་ཡིན་ནམ།
རྒྱང་རིང་གི་མགྲོན་པོ་ང་གཏན་ནས་བརྗེད་སོང་བ་ཡིན།
དྲན་གདུང་གི་རྨ་ཁ་ལག་པས་སྐྱོར་ནས།
མིག་ཆུའི་ཐིགས་པ་རེ་རེ་གཙང་མར་ཕྱིས་ནས།
འཁྱགས་སིབ་སིབ་ཀྱི་སེམས་པ་ལ་མེ་དྲོད་ཐོབ་པའི་སྟོང་སྣང་རེ་བསྐྱེད་ནས།
ནམ་རྒྱུན་ཁྱོད་ཀྱི་བརྩེ་འཛུམ་ལ་སྒུག་ནས་ཡོད།
སྐད་གདངས་གཉོམ་པོ་ཞིག་གི་བར་གསེང་ནས།
དྲན་གཞས་ཐན་ཐུན་དེ་ནམ་རྒྱུན་ལྟར་ཤོར་འགྲོ་བས།
ཁ་དན་གསོན་པོ་དེ་རུམ་ལ་ཉར་ནས།
ཕྱི་ཐག་རིང་མོའི་ཉག་ག་ལ་བུད་ནས་བལྟས་ཡོད།
དུས་ཚོད་ཀྱི་མདེའུ་རྩེ་ཐག་ཐག་བྱེད་དུས།
སེམས་པའི་འཕར་ལྡིང་ཧ་ཅང་བྲེལ་བས།
སྐོམ་གདུང་སེལ་བའི་སྨན་ཆབ་དེ་བཟུང་ནས་ཕེབས་ཤོག་དང་།
དོ་ནུབ་ཀྱི་ཟླ་འོད་ཧ་ཅང་གསལ།
འོ། ཁྱོད་གང་ན་ཡོད། གང་ན་ཡོད། |