中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག དཔྱད་རྩོམ། >
༄༅།། སེམས་ འགྱུའི་ མདངས།
དུས་ཚོད།2015-12-10 11:59:01     རྩོམ་གྱི་ཡོང་ཁུངས།མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
-- བོད་ཀྱི་གཞས་མ་ཞིག་ལ་ཕུལ་བ།
གངས་མུ་ཏིག [གཙོས]
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།


སྐྱེས་གཟུགས་དྲང་བོ་དེ་མིག་ལ་རན་པ།།
སྐྲ་ལོ་ནག་པོ་དེ་འོད་དུ་འཁྱུག་པ།།
བཞིན་རས་དཀར་པོ་དེ་སྙིང་དུ་སྡུག་པ།།
སྐད་ངག་སྙན་མོ་དེ་རྣ་བར་སྙན་པ།།

བོད་ལྭ་མདོག་ལྡན་དེ་ལུས་དང་འཚམ་པ།།
བྲང་གི་མྱོས་བུམ་ཟུང་ཤེད་ཀྱིས་འབུར་ཡོད།།
གོམ་པའི་འདེགས་འཇོག་གི་ཚུལ་དེ་མཛེས་པ།།
ཡིད་ཀྱི་དང་བ་དེ་ཁད་ཀྱིས་དྲངས་སོང་།།

མཐོ་བ་དཔོན་པོ་ཡི་ལྕམ་ཡིན་མ་འདོད།།
དམའ་བ་སྤྲང་བོ་ཡི་བུ་ཡིན་མ་འདོད།།
བོད་ས་བོད་ཡུལ་ནས་འཚར་ལོངས་བྱུང་བའི།།
བོད་གཞས་སྙན་མོ་ཞིག་གཏོང་ནི་རེད་སྙམ།།

འཛུམ་ཆུང་ལྷུག་ལྷུག་དེ་སྙིང་དུ་སིམ་ནས།།
ཕ་གཞས་སྙན་མོ་དེས་སྐྱོ་བ་སངས་དུས།།
བརྒྱ་ཚོགས་སྟོང་འདུས་ཀྱི་ཕོ་ཚོགས་རྣམས་ཀྱི།།
འདོད་པའི་སྤུ་ལོང་དག་གྱེན་དུ་གཟེངས་བྱུང་།།

ཁྱེད་རང་སུ་ཞིག་ལ་དགའ་མིན་མི་ཤེས།།
མི་ཆེན་དབང་ཆེན་དག་ཡིན་ན་ང་འགྱོད།།
ཆུང་འདྲིས་བྱམས་པ་ཞེས་འབོད་ས་མེད་ན།།
རྨི་ལམ་གྲུ་ཆུང་དེ་ཁྱོད་ཕྱོགས་བཏང་ཆོག།།

ཐེངས་གཅིག་མཐོང་བ་ཡིས་སེམས་པ་མ་མགུ།།
ཐེངས་གཉིས་མཐོང་བ་ཡིས་སེམས་པ་སྦྲིད་སོང་།།
དུས་རྒྱུན་ཁ་པར་གྱི་སྐུད་པའི་སྣེ་ནས།།
ཁོ་མོའི་གསར་འགྱུར་རེ་རྟག་ཏུ་འཚོས་ཡོད།།

དྲན་པ་རླུང་བུ་ལ་སྐུར་དགོས་མི་འདུག།
མཇལ་འཛོམས་རྨི་ལམ་ལ་བཅོལ་དགོས་མི་འདུག།
ཚན་རིག་ལག་རྩལ་གྱི་འཕྲིན་ལས་དར་བས།།
ཁ་པར་བརྙན་འཕྲིན་ལས་མཐོང་རྒྱུ་ཡོད་ཀི།།

སེང་ལྕམ་འབྲུག་མོ་ཞེས་མཚར་དགོས་མི་འདུག།
མིན་ནཱ་ལི་ཧྲ་ཞེས་ཧད་དགོས་མི་འདུག།
རི་དྭགས་མིག་ཅན་གྱི་སྐར་ཚོགས་དབུས་ན།།
ཁྱེད་ནི་མཁའ་མཐའ་ཡི་དུང་ཟླ་འདྲ་བྱུང་།།

བོད་ས་བོད་ཡུལ་ན་གྲགས་པ་འབར་བའི།།
བོད་གཞས་གཙང་མ་རེ་ལེན་པའི་མི་མོ།།
ཁ་འདྲིས་ཞེ་འདྲིས་ཀྱི་སྙིང་ཐུབ་མིན་ཡང་།།
སྙིང་གཏམ་འོ་མ་ཡི་མཆོད་ཡུལ་ཡིན་སོང་།།

ལ་ལས་ཆགས་རྒན་ཞེས་སྡུག་ཀྱང་ཆོག་གི།།
འགའ་རེས་ཅོལ་ཆུང་ཞེས་སྨད་ཀྱང་རུང་སྟེ།།
རང་སེམས་ཕྲ་མོ་ན་ཡོད་པའི་སེམས་འགྱུ།།
གཞས་མ་ཨ་ཅེ་དེའི་རྣ་བར་བསྒྲོན་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།