ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་ཆ་རུ།
རྩོམ་སྒྲིག་པ། དངོས་སྦྱོང་སློབ་མ་ཚེ་རིང་འཚོ།
རྩིས་འཁོར་གྲུ་བཞི་འདི་ཡི་འཆར་ངོས་སུ།།
བརྩེ་བའི་ཡིག་འབྲུ་འགའ་ཡིས་འཕག་འཚག་བྱེད།།
ལྷོག་ལྷོག་ལྡིང་བའི་སེམས་ཀྱི་ངོགས་ཡས་ན།།
ཁྱེད་རང་དྲན་པའི་མདོ་ཞིག་རྩོམ་ལ་བྲེལ།།
ལས་དབང་ཡག་པོ་ཞིག་གི་བཀོད་སྒྲིག་འོག།
ངེད་གཉིས་སློབ་གླིང་གཅིག་ལ་འཛོམས་རྒྱུ་བྱུང་།།
བརྩེ་བའི་མིག་ཞགས་འདེབས་ཐེངས་གཅིག་གིས་ནི།།
ཁྱེད་ཀྱི་སྙིང་ལ་ཕོགས་ཤིང་སེམས་དེ་ཟིན།།
མིག་ཟུང་ཁྱེད་ལ་ཕྱོགས་པའི་མཐོང་ལམ་ན།།
བཅོས་མིན་འཛུམ་མདངས་ཤིག་གི་སོ་ཕྲེང་ཡོད།།
སེམས་པ་ཁྱེད་ལ་འཕུར་བའི་གཤོག་འོག་ན།།
ལྷད་མེད་བསླུ་བ་མེད་པའི་དགའ་དུང་ཡོད།།
ནམ་རྒྱུན་དུས་བཅད་བྱས་པའི་རྗེས་ཤུལ་ན།།
ནང་དོན་མེད་པའི་ཉོག་གཏམ་ལུང་བ་གང་།།
སྐབས་རེར་ཁེར་རྐྱང་ལུས་པའི་སེམས་སྟེང་དུ།།
དེ་ཡང་ཕྱིར་དྲན་བྱེད་པའི་མེ་ལོང་ཞིག།
ནངས་མོའི་སྐྱོར་སྦྱངས་སྐབས་ཀྱི་དུས་ཚོད་དེ།།
དགོས་མེད་ཁ་བརྡས་འདས་པ་ཐེངས་གཅིག་མིན།།
དཔེ་འཛིན་འབྲི་ཀློག་སྐབས་སུ་མིག་ཟུང་ཡང་།།
ཁྱེད་ཀྱི་ཕྱོགས་སུ་ཡང་ནས་ཡང་དུ་འཁོར།།
ཟླ་བ་མཚོ་མོ་དེ་ཡི་འགྲམ་ངོགས་ན།།
ཁྱོད་དང་ང་ཡི་དུང་བ་དྲོན་མོ་ཡོད།།
དུང་ཕྲུག་རི་བོའི་ལ་ཡི་ལ་ངོས་ན།།
འུ་གཉིས་བསྐྱོད་པའི་རྐང་ལམ་ཕྲ་མོ་ཡོད།།
ཁ་པར་རྣ་བར་གླན་པའི་སྐུད་སྣེ་ན།།
དྲན་པ་ཁྲི་ཕྲག་ཅིག་གིས་ཟུག་རྔུ་འབྱིན།།
སྐད་འཕྲིན་སྐུད་མེད་དྲ་ཡི་འཕྲིན་ལམ་ན།།
དྲན་པའི་ཐ་སྙད་འབུམ་གྱིས་སོ་ལྟ་བྱེད།།
བརྡ་རྟགས་མེད་པའི་ཕ་ས་ཕ་ཡུལ་དུ།།
ཨ་ཕོ་ཁེར་རྐྱང་ནོར་ལུག་རྗེས་ན་ལུས།།
མགོ་བོ་དུད་ནས་ཞིབ་ཏུ་བསམ་པ་ན།།
ཁྱེད་རང་དྲན་པ་དེ་རང་ཁོ་ན་ཡིན།། |