中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སེམས་ཀྱི་གདུང་དབྱངས། - གླུ་བ་བདུད་བྷེ་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན་དུ། དུང་རིང་སྙིང་ལྕགས་བཀྲ་ཤིས། [རྨ་ཆུ]
དུས་ཚོད།2019-03-15 16:38:37     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    རྒྱལ་བསྟན་སྲིད་ཞུ་སྨྲ་བའི་སེང་གེ་མཆོག།
མཆོག་གྱུར་གངས་རིའི་གཙུག་ཕུད་འཇམ་དབྱངས་ལྷ།།
ལྷ་མོ་དབྱངས་ཅན་ངག་གི་བདུད་རྩིའི་ཆར།།
འཕྲལ་ཡུན་བདག་ལ་ཤེས་བྱའི་དངོས་གྲུབ་སྩོལ།

ཁྱེད་ལ་དུང་བའི་གཞས་ཤིག་གཏོང་རག་བར།།
ཁྱེད་ལ་འཁྲེང་བའི་སྙན་ངག་བྲི་རག་བར།།
འཇིག་རྟེན་མི་ཡུལ་གྱེས་པའི་མྱ་ངན་མཆིད།།
ཁེད་ཀྱིས་བདག་ཡིད་ལྷུང་བའི་ལྟིག་སྒྲ་ལྗིད།།

མ་དག་སེམས་ལ་བློ་འགལ་སོམ་ཉིས་བཟུང་།།
མ་རིག་སྟོང་བཤད་ཚིག་ལ་ཡིད་རྟོན་བྲལ།།
མ་གྱུར་སེམས་ཅན་ཞེ་ལ་སྡུག་ཅིག་ཕབ།།
མ་ཅིག་བུ་ལ་བརྗེད་མེད་རྡོ་རིང་བརྐོས།།

ངག་གི་སྒྱུ་རྩལ་སྙན་མོའི་ཚངས་པའི་དབྱངས།།
རྗེས་དྲན་མི་ཡུལ་ཐང་ན་གདུང་བས་གྱེར།།
ཁུ་བྱུག་ནགས་ནས་འདུག་པའི་ལས་དབང་ལ།།
མ་རུང་འཆི་བདག་གཤེད་མའི་གྱེས་ཚིག་འཕངས།།

གངས་ལྗོངས་ཁུ་བྱུག་གངས་རིའི་ལྗོངས་དང་བྲལ།།
འཇོལ་མོའི་གདུང་བའི་མགྲིན་ལ་འཛེར་སྐད་ཆགས།།
སྐྱོ་དང་སྐྱོ་བའི་སེམས་པ་གཅོང་བའི་གནད།།
འཚོ་བྱེད་གང་གིས་གསོས་མེད་སྐལ་བརྒྱར་ཕོག།

ཁུ་བྱུག་འཕུར་བའི་ཉིན་མོ་དེ་ནས་བཟུང་།།
བདག་ཡིད་ཆར་ལྡན་དུས་ལ་ཁ་བ་བབས།།
ཁ་བ་བབས་པས་སེམས་ཀྱི་འདབ་སྟོང་ལ།།
སེར་མདོག་བབས་པས་ལོ་མ་ས་ལ་ཐོར།།

དུས་ཀྱི་ཅང་ཤེས་བང་གི་འཇབ་རྒོལ་གྱིས།།
རེ་སྨོན་སྟོང་གིས་འདུས་པའི་ཆོལ་གསུམ་གྱི།
སྙིང་དང་མིག་ནས་འཕྲོག་པའི་སྡུག་འཛིན་དེ།།
བསམ་ཞིང་བསམ་ན་ཡིད་ལ་ན་ཟུག་ཆེ།།

མི་ཚེའི་བེམ་རིག་མི་རྟག་ནམ་མཁའི་འཇའ།།
ད་དུང་སྲིད་པར་གནས་པའི་ལས་ཡོད་ན།།
སྙན་མོ་གར་ལ་མཁས་པའི་སོར་མོ་ཡིས།།
པི་ཝང་འདི་ཙམ་བརྡུངས་པས་ཅི་ལ་ཆོག།

ཆོས་དང་སྲིད་འབྱོར་དཔལ་ཡོན་བཞད་པའི་ཐབས།།
ངག་རིག་དབྱངས་ཀྱིས་ཕྱོགས་སུ་སྤེལ་བའི་གྲོགས།།
ཁུ་བྱུག་སྔོན་མོའི་གྲེ་འགྱུར་སྙན་མོའི་གདངས།།
གངས་རིའི་སྲིད་ཞུའི་མཐའ་ནས་ཡལ་བ་སྐྱོ།།
ཞི་དུལ་ཀུན་སྤྱོད་དང་བའི་གསོས་སུ་སྨིན།།
ངག་རིག་དཀྲོལ་ལེན་འཇམ་སྙན་དབྱངས་ཀྱིས་ཕྱུག།
བདེ་སྐྱིད་ངག་ལ་བཅོལ་བའི་ལང་ཚོའི་དཔལ།།
གློ་བུར་འཆི་ཞགས་ལྕགས་ཀྱུས་ཐེབས་པ་སྐྱོ།།

ཁུ་བྱུག་ངག་ལ་འཕྲུལ་བའི་ལད་ཟློས་དབྱངས།།
ཟང་ཟིང་འཇིག་རྟེན་འདི་རུ་མང་དུ་ཐོས།།
བཅོས་མའི་གདངས་ལ་ཚོར་མེད་སྤྲོ་བ་བོར།།
གྱེས་ཟིན་ཚངས་སྲས་བདུད་འདུལ་ལྷག་ཏུ་དྲན།།

ལྷག་བསམ་གངས་རིའི་མདངས་ཀྱི་གླུ་བ་ཁྱེད།།
ལ་རྒྱ་རིགས་སུ་འཐིམས་པའི་དཔའ་བོ་ཁྱེད།།
རྨ་ཁུག་རྡུང་ལེན་ཕ་སའི་དེད་དཔོན་ཁྱེད།།
མི་མཇེད་འཇིག་རྟེན་ཁམས་དང་གཏན་བྲལ་འགྱོད།།

དེ་རིང་ལས་ཀྱིས་ཁེལ་བའི་རྗེས་དྲན་འདི།།
སྐུལ་མེད་འབྲི་འདོད་ཚོར་ཤེས་རིག་ལམ་ནས།།
ཐོལ་བའི་སེམས་ཀྱི་གདུང་དབྱངས་རླབས་ཀྱི་ཕྲེང་།།
འགོག་མེད་བདག་ཡིད་མཚོ་མོའི་གཏིང་ནས་འཕྱུར།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།