中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སེམས་ཀྱི་མཆོད་ངོགས་སུ་འཛུམ་པའི་ཀན་ལྷོ་ཕྱུག་མོ།
དུས་ཚོད།2019-04-04 08:43:45     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ནུབ་བྱང་མི་རིཊ་སློབ་གྲྭ་ཆེན་མོའི་ཆོས་འཁོར་ལྗང་ལོ།    ཆུང་། | འབྲིང་། | ཆེ།
    སྙན་སྙན་ཚིག་གིས་མཁས་མང་མགུ་བའི་རྨད་བྱུང་ལེགས་བཤད་དོན་ཚང་བ།།
འཇམ་འཇམ་ངག་གིས་འཇེབས་པར་འཁྲོལ་བའི་ལྷན་གཤིས་བདག་ལ་མི་མངའ་ཡང་།།
དུངས་དུངས་སེམས་ཀྱི་དགའ་མགུའི་དབྱངས་རྟ་ཀུན་ལ་གསལ་བོར་མཚོན་ཕྱིར་དུ།།
དྲང་དྲང་ངག་གིས་ལན་གཅིག་དཀྲོལ་ལོ་སྒྲ་དབྱངས་ལྷ་མོས་ཐུགས་རྗེས་དགོངས།།

གནའ་གནའ་སྔ་མོར་གཙོད་མང་མ་བུ་ཅི་དགར་བག་ཕེབས་རྩེན་པའི་ཡུལ།།
དེང་དེང་འདི་ལ་ཀུན་མཁྱེན་ཡབ་སྲས་ཐུགས་བསྐྱེད་སྨོན་ལམ་འགྲུབ་པའི་གནས།།
ནམ་ནམ་རྗེ་འབངས་ཐམས་ཅད་མི་ཚེའི་བདེ་སྐྱིད་དཔལ་ལ་རོལ་བའི་ཞིང་།།
བསྟོད་བསྟོད་ཚིག་གི་དཀར་པོའི་མཆོད་པ་བདག་སྙིང་དཀྱིལ་ནས་ལན་བརྒྱར་འབུལ།།

ཟབ་ཟབ་ཆོས་ཀྱི་དེ་ཉིད་མ་ལུས་ཕྲ་མོའི་རིག་ལམ་ཡང་དག་གིས།།
མང་མང་ཆོས་སྨྲའི་རིག་འཛིན་ཁྲོད་ནས་བློ་སྤོབས་ཡང་ཡང་བརྡར་བ་ཡི།།
བཟང་བཟང་དཔལ་ལྡན་བཤེས་གཉེན་སྟོང་ཕྲག་དུས་གསུམ་རིས་མེད་བསྟི་བའི་གནས།།
ཡང་ཡང་དར་བའི་རྟེན་འབྲེལ་རྒྱལ་མཚན་ཨ་སྔོན་དབྱིངས་སུ་ལྷབ་ལྷུབ་གཡོ།།

གཞོན་གཞོན་ན་མཉམ་རིགས་མཐུན་སྤུན་ཟླ་གསར་སྐྱེས་རིག་པའི་ལང་ཚོ་བཞད།།
ལྡེམ་ལྡེམ་ཡིད་འོང་ལུས་ཕྲའི་ཚོགས་རྣམས་ཚངས་སྲས་ལྷ་མོའི་གཟུགས་སུ་འཁྲུལ།།
རྒན་རྒན་དབུ་དཀར་ཕ་མེས་དམ་པའི་ལྷག་བསམ་གངས་རིའི་མདངས་སུ་འདྲེས།།
འཛོམས་འཛོམས་ཁྱིམ་གཞིས་གྲུ་བཞི་འདི་ལ་བརྩེ་བའི་འོད་སྣང་ཕྱོགས་སུ་འབར།།

འཕེལ་འཕེལ་རྒྱལ་ཁྲིམས་སྲིད་ཇུས་བཟང་པོ་དམངས་རྣམས་བདེ་བའི་དོན་ལ་བཅོས།།
བཞད་བཞད་ཕྱི་ནང་གཉིས་ཀྱི་སྣ་འཛོམས་སྲིད་འབྱོར་མེ་ཏོག་ལྷུག་པོར་གྲོལ།།
འཛུམ་འཛུམ་དགོད་པའི་ཡུལ་འདིའི་དམངས་རྣམས་དགའ་སྤྲོའི་འཛུམ་བག་རྣམ་པར་རྒྱས།།
ཐོབ་ཐོབ་མཆོག་གི་དངོས་གྲུབ་རིན་ཆེན་དགེ་བཅུ་མ་ལུས་ཡོངས་སུ་འཁྱིལ།།

སྙོམས་སྙོམས་སྣུམ་བཟོས་གཞུང་ལམ་ཡངས་མོ་པ་ཊའི་རི་མོ་སྣོལ་དང་མཚུངས།།
མགྱོགས་མགྱོགས་དེང་རབས་འཕྲུལ་འཁོར་སྐྱེན་པོ་ལྷ་ལམ་སྐར་མདའ་རྒྱུ་བ་བཞིན།།
མཛེས་མཛེས་དཀྱིལ་འཁོར་ཆགས་འདྲའི་གཞས་ཡས་ཁང་གི་བ་གམ་དགུང་ལ་ཟུག།
དུས་དུས་དབྱེར་མེད་དད་ལྡན་མང་ཚོགས་དགེ་བའི་ལས་ལ་ཅི་ཡང་གཞོལ།།

ཡངས་ཡངས་གཡུ་ཡི་ནེའུ་གསེང་སྔོན་མོའི་རྟ་ནོར་ལུག་གསུམ་སྦྲ་མཐར་ཁྱབ།།
དྭངས་དྭངས་འཇིངས་ཡངས་རྨ་ཀླུང་དལ་མོར་གསེར་མིག་གཤོག་དྲུག་ཉ་ཆུང་འཁྱུགས།།
སྟུག་སྟུག་ཕ་གིའི་རྒྱ་རྫོང་ནགས་ལོར་འདབ་ཆགས་སྐད་སྙན་ལྷང་ལྷིང་འཚེར།།
བསམ་བསམ་ཆོས་རྣམས་ཡིད་བཞིན་འགྲུབ་པའི་གནས་མཆོག་འདི་ལ་འགྲན་ཟླས་དབེན།།

ཕྱོགས་ཕྱོགས་རྫོང་གྲོང་མི་རིགས་ཀུན་གྱི་འོ་ཆུ་བསྲེས་མའི་བརྩེ་དུང་ཕྱུག།
གོང་གོང་གཞན་ཕན་དབུ་ཁྲིད་བཟང་པོས་འཁོར་འབངས་བུ་བཞིན་གཟིགས་ཤིང་སྐྱོང་།།
སོ་སོས་རང་གི་ཕུགས་བསམ་ལྷད་མེད་རྟག་ཏུ་འབད་པས་དོན་གཉེར་བ།།
གཅེས་གཅེས་ཡིད་འོང་གཡང་གི་ར་བའི་ངོ་སོ་བསྟོད་དོ་ཨེ་མ་ཧོ།།

འགྲིག་འགྲིག་འཆམ་མཐུན་ཅན་བཞིའི་སྤྱི་ཚོགས་ཞི་བདེའི་སྒྲ་དབྱངས་ཕྱོགས་སུ་མཆེད།།
དམ་དམ་མཐུན་སྒྲིལ་དཔང་གདང་བརྟན་པོ་ལྕགས་རི་ཚར་དུ་དངར་བ་བཞིན།།
ཀྱེ་ཀྱེ་སྣོད་ཀྱི་བཀོད་པ་འདི་ནི་སུམ་རྩེན་ཨེ་ཡིན་འཕྱང་མོ་ཉུག།
མཛེས་མཛེས་ཕ་ཡུལ་ཀན་ལྷོ་ཕྱུག་མོ་བསིལ་ལྡན་ཞིང་གི་རྒྱན་དུ་འཁྲུངས།།

བཀྲ་བཀྲ་སྐུ་ལུས་གཞོན་ཤ་རྫོགས་པའི་ཁུལ་འདི་སྤུན་མཆེད་བརྒྱད་གྲངས་ཏེ།།
ཤིས་ཤིས་དགེ་ལེགས་བསོད་ནམས་ཀུན་འབྱུང་ཕུན་ཚོགས་ཕྱྭ་གཡང་གིས་མཚན་པའི།།
བདེ་བདེ་རྟེན་འབྲེལ་ཡན་ལག་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་རང་གྲུབ་པས།།
ལེགས་ལེགས་ལྗོངས་འདིའི་ངོ་མཚར་བརྗོད་འདས་བརྒྱ་བྱིན་ཚངས་པས་བྱས་ལགས་སམ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།