中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅། སྐྱོ་སྐྱོ་མ་གནང་།
དུས་ཚོད།2019-04-04 08:51:35     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ཀླུ་འབུམ་ཚེ་རིང་།    ཆུང་། | འབྲིང་། | ཆེ།
གངས་དེ་གངས་དཀར་ཏི་སེ།།
གངས་རི་ཁ་བས་གཡོགས་ན།།
གངས་སེང་སྐྱོ་སྐྱོ་མ་གནང་།།
གངས་ལ་ཉི་མ་ཤར་ཡོང་།།

མཚོ་དེ་མ་ཕམ་གཡུ་མཚོ།།
མཚོ་མོར་དར་ཁ་བསྒྲིགས་ན།།
ངང་བ་སྐྱོ་སྐྱོ་མ་གནང་།།
སང་ལོར་དཔྱིད་དཔལ་ཤར་ཡོང་།།

ཤྭ་དེ་ཤྭ་བ་ཁྲ་རིལ།།
ཨ་ཕོ་རྔོན་པ་ཡོང་ན།།
སེམས་པ་སྐྱོ་སྐྱོ་མ་གནང་།།
མི་ལས་མགུར་གླུ་བཞེངས་ངེས།།

སྡེ་དེ་གཡང་སྡེ་ཕྱུག་མོ།།
སྡེ་ལ་གྱོད་ཁ་བྱུང་ན།།
སྟག་ཤར་སྐྱོ་སྐྱོ་མ་གནང་།།
སྡུག་གི་མཐའ་ནས་སེལ་ཡོང་།།

རོགས་དེ་ཆུང་འདྲིས་རོགས་ལོ།།
རེ་ཞིག་བྲལ་དགོས་བྱུང་ན།།
མཛའ་མོ་སྐྱོ་སྐྱོ་མ་གནང་།།
མཇལ་བའི་དུས་ཤིག་ཤར་ཡོང་།།

གཡུ་དེ་གཡུ་ཆུང་དྲུག་དཀར།།
གཡུ་ཆུང་སེར་ག་གས་ན།།
བྱམས་པ་སྐྱོ་སྐྱོ་མ་གནང་།།
ལྷ་སའི་ཁྲོམ་ནས་ཉོས་ཡོང་།།

སེམས་ཀྱི་བྱུ་རུ་དམར་ཆུང་།།
ནོར་གྱིས་ཉོ་ཐབས་མེད་ན།།
མཛའ་མོ་སྐྱོ་སྐྱོ་མ་གནང་།།
རྒྱ་མཚོའི་གཏིང་ནས་ངས་ལེན།།   
      2019-3-26
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།