中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ང་ཡི་སྣང་བ་ཞིག་ལ།
དུས་ཚོད།2019-07-02 09:24:22     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། གངས་མུ་ཏིག    ཆུང་། | འབྲིང་། | ཆེ།
    ང་ཡི་སྣང་བ་ཞིག་ལ། 
ནམ་ཞིག་ཁྱོད་ཀྱིས་ང་རང་གཏིང་བརྗེད་དུ་འགྱུར་ངེས་ལ།
ང་ཡི་ཚབ་ཏུ་མི་གཞན་ཞིག་བསྐོ་བཞག་བྱ་སྲིད།
ཐ་སྙད་ཀྱིས་གུང་བུར་བསྒྲིགས་པའི་སྙན་ངག་འདི་དག
ཁྱོད་ཀྱི་ལང་ཚོ་ཁོ་ནར་མཆོད་པའི་བསྟོད་གླུ་ཡིན་པའང་ཆ་མི་འཚལ་བར་ངེས།

ང་ཡི་སྣང་བ་ཞིག་ལ།
འུ་གཉིས་ཀྱི་དབུ་སྐྲ་དཀར་པོར་གྱུར་ཅིང་གདོང་ལ་རྒས་གཉེར་བབས་ཙ་ན།
དུས་ཚོད་ཀྱི་སྐུད་པས་བརྒྱུས་པའི་བརྩེ་དུང་གི་གཏམ་རྒྱུད།
སེམས་ཀྱི་ནགས་ཚལ་ནས་སྐྱ་མདོག་གིས་མངོན་སྲིད་ངེས།
དེ་དུས་ཁྱོད་ཀྱིས་ང་རང་ལྷག་ཏུ་དྲན་མི་སྲིད་ལ།
ངས་ཀྱང་ཁྱོད་ལ་ཡིད་འཇོག་ཆེན་པོ་བྱ་མི་སྲིད་སྙམ།
བྲེལ་འཚུབ་ཀྱི་ལོ་ཟླ།  གཞོན་དུས་ཀྱི་སྣང་བ།
ཚང་མ་ཁ་སང་རྨིས་པའི་རྨི་ལམ་རབ་རིབ།
ནམ་ཡང་མཛེས་སྡུག་ཏུ་རློམ་ཆོག་པ་ནི།
ཡིད་འོང་གི་བརྩེ་བ། རྒྱང་རིང་གི་རྨི་ལམ།
ཡོད་ཚད་སྙན་ངག་གི་ཁམས་ལ་བཅོལ་བའི་གཏམ་རྒྱུད་དེའོ།

ང་ཡི་སྣང་བ་ཞིག་ལ།
གལ་ཏེ། ཡོད་ཚད་སླར་ཡང་མགོ་བརྩམ་ཆོག་ན།
ང་ཡིས་ཁྱོད་ལ་བསྐལ་བར་འཇིག་མི་སྲིད་པའི་ཐ་སྙད་ཀྱི་འདོགས་ཆ་ཞིག་བཟོ་རྒྱུ་དང་།
དེའི་རྗེས་སུ་ངེད་གཉིས་སླར་ཡང་སྙན་ངག་གི་ཁམས་ནས་འཕྲད་རྒྱུ་དེའོ།།

     གྲིབ་མ་ནག་པོ།

རོལ་དབྱངས་ཤིག་ལ་ཉན་པར་རྩོམ་དུས།
ཁྱོད་རང་དབྱངས་རྟའི་རྦ་རླབས་དང་བསྡོངས་ཏེ།
ང་ཡི་ཡིད་སེམས་ཀྱི་ཟབ་སར་བཞུར།

རི་མོ་ཞིག་ལ་ལྟ་བའི་སྐབས་སུ།
ཁྱོད་རང་ལྟ་ན་སྡུག་པའི་རི་མོའི་སྟེང་གི་བུད་མེད་དེ་དང་ཡེ་ནས་འདྲ་བོ་འདུག
ང་རང་ཚོད་ཚོད་ལ་ངོ་གནོང་དགོས་བྱུང་།

སྙན་ངག་ཅིག་འབྲི་བསམ་དུས།
ཁྱོད་ཀྱི་མིང་ཡིག་གཉིས་ཕྱེ་ལེབ་བཞིན་ང་ཡི་མཁའ་དབྱིངས་ནས་ལྡིང་སྐོར་རྒྱག་སྲིད་པས།
ང་ལ་ཁྱོད་ལས་གཞན་པའི་བརྗོད་བྱ་ཞིག་མི་འདུག

མདོར་ན། ཁྱོད་ནི་དུས་གསུམ་ཀུན་དུ་ང་དང་འབྲལ་ཐབས་ཤིག་རྦད་དེ་མི་འདུག
ངས་ཁྱེད་རང་བོར་བ་ནི་རང་ཉིད་བོར་བ་དང་འདྲ་ལ།
ངས་ཁྱོད་རང་བརྗེད་པ་ནི་རང་ཉིད་ལ་བཙན་གཡེམ་བྱེད་པ་ལས་མ་འདས་སོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།