中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ཁེར་རྐྱང་། འཁྱམ་པོ།
དུས་ཚོད།2019-07-02 09:26:22     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། བྱམས།    ཆུང་། | འབྲིང་། | ཆེ།
    ངུ་སྐད་འཁྱེར་ཏེ་འཇིག་རྟེན་འདིར་སྒྲེན་པོར་སླེབས་པ་ནས།
དུས་ཚོད་ཀྱིས་ང་རང་དུམ་བུ་མང་པོར་བགོས་འདུག་ལ།
མི་རྟག་པ་ཞེས་པས་ང་ཡི་མི་ཚེ་འདིའི་ཆེས་ཐོག་མའི་བདེ་སྐྱིད་བཅོམ་སོང་།
མེ་ལས་ཚ་ལ་ཆུ་ལས་འཁྱག་པའི་ཉིན་མཚན་མང་པོ་ཞིག་ལ།
མཚམས་རེར་དངངས་སྐྲག་གིས་སད་ཅིང་།  ལན་རེར་སྐྱོ་གདུང་གིས་བརྒྱལ་འགྲོ
འདི་ལྟར་ང་རང་ལན་བརྒྱར་སྐྱེས་ཤིང་ལན་བརྒྱར་ཤི་ནས་འཚར་ལོངས་བྱུང་བ་ཡིན།
ནར་སོན་གྱི་ལོ་ཟླ་འདི་དག་ལ་ང་ནི་གཏད་སོ་མེད་པའི་འཁྱམས་པོ་ཞིག་དང་འདྲ་བར་ཁེར་རྐྱང་གིས་ཡོང་བ་ཡིན་ལ།  
ད་དུང་མུ་མཐུད་དུ་མུན་པ་ནས་མུན་པ་བརྒལ་སྟེ་ཁེར་རྐྱང་ངང་བུད་འགྲོ།

ཁྲག་གི་རི་ཆུ་བརྒལ་སྟེ།  རུས་པའི་ནགས་ཀླུང་འགྲིམས་ནས།
གནའ་བོའི་རྐང་གླིང་བུས་ཏེ།
མུན་པའི་འོབས་དོང་ཞིག་ཏུ་ཐོན་ལྷུང་དུས།
དྲན་པ་དང་གདུང་བ།  སྡུག་ཡུས་དང་སྨྲེང་སྐྱོ།  མྱ་ངན་དང་འོ་དོད་བཅས་ཀྱིས་ང་ལ།
འདི་ནི་སྐྱེས་བ་སྟེ་འདི་ནི་འཆི་བའོ། འདི་ནི་སྐྱབས་ཏེ་འདི་ནི་མགོན་ནོ།
འདི་ནི་རྒྱུ་སྟེ་འདི་དབང་ངོ་། འདི་ནི་འཁོར་བ་སྟེ་འདི་ནི་ཁྱིམ་མོ།
འདི་ནི་ཕོ་སྟེ་འདི་ནི་མོའོ། འདི་ནི་བླ་སྟེ་འདི་ནི་སྲོག་གོ།
འདི་ནི་མེས་པོ་སྟེ་འདི་ནི་ཀ་ཁའོ། འདི་ནི་འགན་འཁྲི་སྟེ་འདི་ནི་ལ་རྒྱའོ།
འདི་ནི་དགྲ་བོ་སྟེ་འདི་ནི་གྲོགས་པའོ་ཞེས་འཇིག་རྟེན་འདིའི་སྟེང་གི་ཆེས་ངོ་མཚར་བའི་དངོས་པོ་དག་ངོ་སྤྲོད་བྱེད།  
མི་ལོ་ག་ཚོད་ཙམ་འགོར་བ་མི་ཤེས་མོད། འོན་ཀྱང་ང་ནི་སྔོན་དང་བསྡུར་ན་ལྡབ་འགྱུར་གྱིས་ཆེན་པོར་ཆགས་འདུག
ཉིན་དེའི་ཟླ་དེའི་ཚེས་དེའི་དུས་ཚོད་དེའི་སྐར་མ་དེའི་སྐར་ཆ་དེའི་སྐད་ཅིག་མ་དེའི་སྟེང་ནས་བཟུང་། 
ང་རང་ངོ་སྤྲོད་བྱས་པའི་དངོས་པོ་དེ་དག་ལ་ཡང་ནས་བསྐྱར་དུ་འཕྲད། 
དངོས་པོ་དེ་དག་གི་མདུན་ནས་ང་ནི་ཧམས་སེམས་ཅན་ཞིག་སྟེ་ཅི་ཡང་བློས་གཏོང་ཐུབ། 
མི་ལོ་མང་པོ་མང་པོ་ཞིག་ལ་དྲན་པའི་གདུང་བ་མྱངས་ཤིང་སྡུག་ཡུས་ཀྱི་ངོ་སོ་བགྲང་།
མྱ་ངན་གྱི་འོ་དོད་རོལ་ཞིང་སྨྲེང་བའི་གཞས་བཏང་།
དགའ་བའི་སྐྱིད་ལ་རོལ་ཞིང་ཆགས་པའི་ཕོ་མོ་བསྟེན་མཐར་ང་ཡི་ལུས་ཟུང་ཟད་ཅིང་གཟུགས་པོ་སྒུར། 
མགོ་བོའི་སྐྲ་ལོ་དཀར་ཞིང་ཞལ་ལ་གཉེར་མའི་དགུ་མདུད་བབས་པས།  
ད་ནི་ཁེར་རྐྱང་གིས་སོང་བའི་ལམ་བུ་འདིའི་ཁྲོད་ཀྱི་དངོས་པོ་དག་དང་འདྲ་བར་རང་བྱུང་ཁམས་ལ་འཐིམ་དགོས་པ་ཧ་གོ་སོང་།

ཞེན་ཆགས་དང་ཕྱིར་མིག་གིས་ཡང་ཡང་སྒུལ་མཐར་ང་རང་དངོས་གནས་ཐང་དུ་འགྱེལ་སོང་།
ང་ཡི་མགོ་དང་རྐང་བ་དང་ལག་པ་དང་སེན་མོ་དང་སོ་དང་ལྕེ་དང་སོགས་དོན་སྔ་སྣོད་དྲུག་པོ།
ཆ་ཤས་ནས་ཆ་ཤས་དང་དུམ་བུ་ནས་དུམ་བུར་བགོས་ཏེ།  
ས་དོག་མོ་གདན་དུ་བྱས་ཤིང་གནམ་སྔོན་པོ་གོས་སུ་ཀླུབས་ནས་རི་དང་ཆུ་བོ།
རི་དྭགས་དང་གཅན་གཟན།
འདབས་ཆགས་སོགས་ཚང་མ་རྒྱན་དུ་སྤྲས་ཏེ།
ངོ་མཚར་བའི་དངོས་པོ་དེ་དག་རེ་རེ་བཞིན་བསྐྱུར་ནས་ང་རང་ངོ་མཚར་བའི་དངོས་པོ་ཞིག་ཏུ་གྱུར་སོང་།
ད་ནི་ཕྱིར་དྲན་ཐེངས་ཤིག་བྱས་ན་ཁེར་རྐྱང་གིས་སོང་བ་ནི་མི་ཚེ་ཡིན་ལ།
ཧམ་སེམས་ཀྱིས་རོལ་བ་ནི་འཚོ་བ་རེད།
ཁེར་རྐྱང་གི་ང་ནི་མི་སྟེ་འཇིག་རྟེན་འདིར་ཡུན་རིང་འཁྱམས་ནས་སླར་ཡང་སྒྲེན་པོར་འཇིག་རྟེན་འདི་དང་གྱེས་དགོས་པའི་དངོས་པོ་ཞིག
དེ་བས་ན།  གསོན་པ་ནི་ཆེས་འུ་ཐུག་གི་གནས་སྟངས་ཤིག་དང་འཆི་བའང་ཆེས་འུ་ཐུག་གི་བྱ་བ་ཞིག
མི་ཚེ་ནི་སྐྱིད་སྡུག་གཉིས་ཀྱི་སོ་ཁ་ན་འགྲེང་བའི་འགྲུལ་བཞུད་ཐེངས་ཤིག་སྟེ།
ཁྱོད་ཀྱི་རྫོགས་མེད་ཅིང་མཐའ་ཡས་པའི་འཇིག་རྟེན་བསྐྲུན་པ་པོའོ།།
           
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།