中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ཕ་ཡུལ་ཐེ་བོར་བསྟོད་པ།
དུས་ཚོད།2019-07-03 16:07:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ལེགས་བཤད་རྒྱ་མཚོ། [ཐེ་བོ]    ཆུང་། | འབྲིང་། | ཆེ།
    རྫ་རི་དཀར་པོ་དགུང་སྔོན་གནམ་དུ་ཟུག།
ནགས་ཀློང་སྟུག་པོ་སྔོ་ལྗང་ཚལ་དུ་བརྗིད།།
འབྲུ་རིགས་སྣ་ལྔ་འཁྲུངས་སའི་ཞིང་འདི་ལ།།
མཐེ་བཅུ་རོང་ཆེན་ཞེས་པའི་མིང་གིས་འབོད།།

ཞིང་དེའི་སྟོད་དུ་བྲག་དཀར་བྱ་རྒོད་དང་།།
ཟི་ན་གནས་དང་འབྲེང་བའི་བྲག་དཀར་སོགས།།
སྡིག་སྒྲིབ་དག་ཅིང་ནད་གདོན་འཇོམས་བྱེད་པའི།།
བྱིན་ལྡན་གནས་མཆོག་ཁྱད་འཕཊ་གང་མང་བཞུཊ།།

སྨད་དུ་རྒྱལ་ཉི་ལུང་ཁོག་སྟོད་ཀྱི་ཆར།།
སྔོན་བྱོན་མཁས་གྲུབ་དུ་མའི་སྒྲུབ་པའི་གནས།
རང་བྱུང་བྲག་ཕུག་ཤེལ་གྱི་མཆོད་རྟེན་སོགས།།
གནས་མཆོག་དམུ་རི་སེང་གེ་ལྷང་ངེར་འགྱིང་།།

རྫ་རི་བྲག་རི་གནས་མཆོག་ཁྱད་པར་སྟེང་།།
ནད་རིགས་སུམ་བརྒྱ་འཇོམས་པའི་སྨན་སྣ་མང་།།
ཉོན་མོངས་སྡིག་སྒྲིབ་འདག་པའི་ཁྲུས་ཆབ་སོགས།།
ཡིད་འོང་ཉམས་དགའི་བཀོད་པ་རྣམ་པར་མཛེས།།

གཞན་ཡང་སྐད་སྙན་སྣ་ཚོགས་བྱ་རིགས་དང་།།
བག་ཕེབས་རྒྱུ་ཞིང་སྤུ་མཛེས་རི་དྭགས་ཚོགས།།
རང་རང་སོ་སོའི་ཐད་ནས་རང་སྐལ་ལ།།
དབང་བའི་འཚོ་བ་སྐྱིད་པོར་རོལ་ནས་གདའ།།

རི་ཀླུང་ཆེན་པོ་ཞིང་མཆོག་འདི་རུ་ནི།།
སྔོན་གྱི་མེས་པོ་དབྲ་འབྲི་ལྡོང་སོགས་ནས།།
བཙན་པོའི་དམག་གི་རྒྱུད་པ་འཕེལ་རིམ་བར།།
ངག་རྒྱུན་མེས་པོའི་བྱུང་བ་ངོ་མཚར་རྨད།།

གནའ་མིས་འབོད་སྟངས་ཐེ་བོའི་ཆུ་ནག་དང་།།
ཉེ་ཆར་འབྲུག་དཀར་གཙང་པོ་ཞེས་པ་གཉིས།།
གཡུ་འབྲུག་སྔོན་མོའི་ཟོལ་གྱིས་གྱ་གྱུའི་ཉམས།།
ཐེ་ཁོག་རི་ལུང་མདོ་ནས་དལ་གྱིས་འབབ།།

ཝ་མདོ་ཁ་འམ་ཐེ་བོ་རྫོང་སྟོད་སྨད།།
ལྷ་དབང་རྣམ་པར་རྒྱལ་བའི་ཁང་བཟང་མཆོག།
སྡེ་འདིར་འཕོས་སམ་སྙམ་པའི་བན་བོན་དགོན།།
ཡར་རྒྱས་སོང་བ་དད་ཕྱག་བརྩེགས་པའི་ཡུལ།།

ཐེ་ཁོག་ཡུལ་གྱི་ལྟེ་བའི་རྫོང་འདི་ཡི།།
དཔལ་འབྱོར་རིག་གནས་འཕེལ་བ་ཡར་ངོའི་ཟླ།།
རྒྱ་བསྐྱེད་འཛུཊ་བསྐྲུན་རྒྱས་པས་དབྱར་མཚོའི་སྤུན།།
ཡུལ་སྐོར་མི་ཚོགས་རྒྱ་མཚོའི་རླབས་ལྟར་གཡོ།།

རྫོང་གི་མདུན་ཕྱོགས་རྫ་སྟེང་རྨ་མོ་ནི།།
རྒྱ་སྟག་ངར་མ་ཞིག་གི་ཚུལ་དུ་བརྗིད།།
དེ་ཡི་གཡས་གཡོན་དཀར་མོ་སྤུན་གསུམ་དང་།།
གཉན་ཆེན་ལྕགས་གསས་སྤུན་བདུན་མངོན་པར་མཐོ།།

གཞན་ཡང་ཡུལ་ཕྱོགས་འདི་ལ་གནས་པ་ཡི།།
ཡུལ་ལྷ་གཞི་བདག་བྲག་བཙན་དམར་པོ་དང་།།
བྲག་ནག་ལ་སོགས་རི་གཉན་མང་པོ་ལ།།
མེས་པོའི་ངག་ཐོག་གཏམ་རྒྱུད་ངོ་མཚར་མང་།།

ལྷག་ཏུ་འབྲོང་ཚ་ཨ་མཁའ་སྤུན་བདུན་ལས།།
ཉག་རུའི་ལྕགས་འབེའི་བུ་ཚས་བཟུང་བ་ཡི།།
གཡུ་ཁོག་སྟོད་ཀྱི་གཉན་རྒན་དར་བ་ལ།།
ངོ་མཚར་གཏམ་གྱི་བྱུང་བ་དེ་ལས་མང་།།

མཚོ་ར་གསེར་མཚོ་མཚོ་སྒང་དངུལ་མཚོ་དང་།།
གོང་མ་གཡུ་མཚོ་བྲག་སྒམ་འོ་མཚོ་སོགས།།
རང་བྱུང་མཚོ་དང་མཚེའུ་ལ་སོགས་པ།།
ཀླུ་མོ་བཞུགས་གནས་མཛེས་ལྡན་ཕོ་བྲང་མང་།།
སྔར་ཡང་བོད་རྒྱལ་མང་སྲོང་མང་བཙན་སྐབས།།
རྩལ་པོ་ཆེ་ཡི་མི་བདུན་བྱུང་རབས་ཡོད།།
སྒོས་སུ་མཐེ་བཅུ་རྫ་ར་གང་བོ་འདིར།།
རྩལ་ཆེན་འཕགས་པ་སྤུན་བདུན་བྱུང་རབས་མཆིས།།

མ་ཟད་དམག་དཔོན་དེ་བུད་འབྲོང་ཁུར་སོགས།།
རྩལ་ཆེན་མི་བོ་དེ་དག་དང་འབྲེལ་བའི།།
རྒྱལ་སྤྱིའི་གྱད་མིའི་འགྲན་ཚོགས་ལོ་རེ་བཞིན།།
རྫོང་ཐོག་འདི་རུ་སྤེལ་བ་བསྔགས་པའི་ཡུལ།།

རི་སྟོད་ཤུག་སྡོང་ལ་སོགས་དྲི་བཟང་མང་།།
རི་སྐེད་གསོམ་སྡོང་དཀར་ནག་སྔོ་ལྗང་ལྗང་།།
རི་འདབས་འབྲུ་རིགས་སྣ་ལྔའི་ཞིང་ཁ་བདལ།།
འདི་འདྲའི་ཕ་ཡུལ་མཁའ་དབུཊ་དྭངས་ཤིང་གཙང་།།

ལྷག་ཏུ་ན་ནིང་དོ་ཚིགས་ལོ་འདི་དག།
ཁོར་ཡུག་གཙང་བཟོ་བྱ་བའི་ལས་འགུལ་ཆེ།།
སྤེལ་བས་མི་གཙང་གད་སྙིགས་ལ་སོགས་པ།།
མིང་གི་ལྷག་མར་བྱས་པས་ཞིང་ཁམས་གཙང་།།

ཕ་མྱེས་རིང་ནས་བདག་ཏུ་བཟུང་བ་ཡི།།
ཕ་ཡུལ་ཐེ་ཁོག་འདི་ཡི་སྣོད་བཅུད་ལ།།
ཕ་མའི་ངག་རྒྱུན་ཅུང་ཙམ་ཐོས་པ་ཡི།།
ཕ་ཡུལ་འདི་ལ་བསྟོད་པ་རེ་ཞིག་རྫོགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།