中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། རང་ཉིད་གསལ་བྱེད་ཀྱི་མེ་ལོང་།
དུས་ཚོད།2019-07-03 16:14:14     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཆབ་བྲག་འཁྱམས་པོ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
    ཁ་ནས་གཞན་དོན་རྐྱང་རྐྱང་གླེང་བཞིན།།
དོན་ལ་རང་དོན་འབའ་ཞིག་མ་སྒྲུབས།།
རང་སེམས་རྒོད་པོ་གང་སར་འཕུར་བ།།
ངལ་གསོའི་དཔལ་ལ་རོལ་ན་ལེགས་སོ།།

མིང་ལ་སློབ་ཆེན་བཏགས་པ་ཙམ་གྱིས།།
མི་ཆེན་ཡིན་སྙམ་འདོད་པ་འཁྲུལ་ལོ།།
དོན་གྱིས་འཆད་རྩོད་རྩོམ་ལ་ཨེ་མཁས།།
གཞན་ཕན་ལྷག་བསམ་དཀར་པོ་ཨེ་ཡོད།།

བཙུན་པའི་ཡོན་ཏན་ཡག་པོ་ཨེ་ཡོད།།
ག་ལེར་དཔྱོད་དང་གསལ་ལེར་ཤེས་ཡོང་།།
རིན་ཆེན་དུས་ཚོད་སྟོང་བར་མ་གཏོང་།།
དགེ་སྒྲུབ་ལས་ལ་བརྩོན་ན་ལེགས་སོ།།

གཞན་སྐྱོན་མཐོང་བ་ཉུང་ཉུང་མིན་ཡང་།།
རང་སྐྱོན་དེ་མཚུངས་མིན་འདི་འཚར་རོ།།
འདོད་ཡོན་དཔལ་ལ་གང་འདོད་རོལ་བ།།
སྨྱོན་པའི་གར་དང་གཉིས་སུ་མ་མཆིས།།

གཡོག་པོའི་ལས་ལ་སྤྲོ་བ་མེད་ཀྱང་།།
ད་དུང་འདོད་ཡོན་གཡོག་ལ་བྲེལ་བ།།
དོན་ལ་གང་བཟང་གང་ཕན་མ་ངེས།།
མིག་མེད་བཞིན་དུ་འཁོར་འདི་སྐྱོ་བ།།

གློ་བུར་བྱུང་བའི་དྲན་ཤེས་རྒོད་པོས།།
བསླུས་པ་དགུང་སྔོན་སྐར་མའི་ཟླ་ཡིན།།
དེ་ཉིད་འགོག་ཐབས་གྲ་སྒྲིག་ཨེ་ཡོད།།
ག་ལེར་སོམས་དང་མྱི་རྐྱང་སྣང་སྐྱིད།།

བདེ་ལྡན་ཞིང་ལ་སྨོན་པ་ཙམ་ལས།།
བདེ་བའི་རྒྱུ་ནི་ག་ཚོད་བསྒྲུབ་ཡོད།།
རང་སེམས་ངོས་ན་ཝ་ལེར་བཀྲ་བས།།
རེ་རེ་གསལ་བྱེད་བྱེད་དགོས་མི་འདུག།

རང་སྐྱོན་བཅོས་ལ་མྱུར་དུ་བརྩོན་དང་།།
དེ་ལས་ལྷག་པའི་རྨད་བྱུང་ཡོན་ཏན།།
གཞན་དུ་འཚོལ་འདོད་ངལ་བའི་རྒྱུ་ཡིན།།
གོ་བ་ཨེ་བྱུང་ཆབ་བྲག་འཁྱམས་པོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།