中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ཞེ་ས་དང་རིགས་རུས་ཀྱི་འབོད་མིང་།
དུས་ཚོད།2019-07-09 09:13:29     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཡོན་ཏན་ལོའམ་ཐོབ་ཐང་དང་།།
དྲིན་ཅན་དག་ལ་གུས་མཚོན་ཕྱིར།།
རང་ལས་མཐོ་དང་མཉམ་པ་ལ།།
ཞེ་ས་སྦྱར་ཚུལ་མདོར་ཙམ་བརྗོད།།
ཕ་ལ་ཡབ་དང་མ་ལ་ཡུམ།།
མིང་ལ་མཚན་དང་ལུས་ལ་སྐུ།།
མགོ་ལ་དབུ་དང་ངོ་ལ་ཞལ།།
མིག་ལ་སྤྱན་དང་རྣ་བར་སྙན།།
སྣ་ལ་ཤངས་དང་ཁ་ལ་ཞལ།།
སོ་ལ་ཚེམས་དང་ལྕེ་ལ་ལྗགས།།
སྐེ་ལ་མགུལ་དང་ལག་ལ་ཕྱག།
རྐང་ལ་ཞབས་དང་ངོར་ཞལ་རས།
སེམས་ལ་ཐུགས་དང་སྐད་ལ་གསུང་།།
མདུན་ལ་དྲུང་དང་འཁྱག་ལ་བསིལ།།
བསམ་ལ་དགོངས་དང་ཤེས་ལ་མཁྱེན།།
ལྟ་ལ་གཟིགས་དང་ཉན་ལ་གསན།།
ཁྱོད་ལ་ཁྱེད་དང་ཁོ་ལ་ཁོང་།།
འགྲོ་ལ་བྱོན་དང་འདུག་ལ་བཞུགས།།
ལངས་ལ་བཞེངས་དང་ཉལ་ལ་གཟིམས།།
ཟ་ལ་གསོལ་དང་འཐུང་ལ་བཞེས།།
ཇ་ལ་གསོལ་ཇ་ཆང་གསོལ་ཆང་།།
སྦྱིན་ལ་ཕུལ་དང་ཁུར་ལ་སྣོམ།།
གྱོན་ལ་མནབས་དང་འོང་ལ་ཕེབས།།
དགའ་ལ་དགྱེས་དང་སྐྱོ་ལ་སུན།།
སྐྱེ་ལ་འཁྲུངས་དང་ཤི་ལ་འདས།།
ངུ་ལ་བཤུམ་དང་བགད་ལ་བཞད།།
འདྲི་ལ་ཞུ་དང་བཤད་ལ་གསུངས།།
སྦྱིན་ལ་གནང་དང་ལས་ལ་མཛད།།
ནད་ལ་སྙུང་གཞི་ན་ལ་སྙུང་།།
བསད་ལ་དགྲོང་དང་ཤི་ལ་གཤེགས།།
བུ་དང་བུ་མོར་སྲས་སྲས་མོ།།
ཞྭ་ལ་དབུ་ཞྭ་སྐྲར་དབུ་སྐྲ།།
ལུས་ཀྱི་གོས་ལ་ན་བཟའ་སྟེ།།
སྐེད་རགས་མིང་དུ་སྐུད་ཆིངས་དང་།།
རྐང་ཐང་ལ་ནི་ཞབས་ཐང་བརྗོད།།
ཁ་སྤུ་ལ་ནི་ཞལ་ཚོམ་དང་།།
སྡོད་ཁང་ལ་ནི་གཟིམ་ཆུང་ཟེར།།
གཉིད་དུ་ཡུར་ལ་གཟིམ་གུག་དང་།།
རྨི་ལམ་ལ་ནི་གཟིམས་ལམ་ཟེར།།
ཉལ་ཆས་དག་ལ་གཟིམས་ཆས་དང་།།
པར་རྒྱག་པ་ལ་སྐུ་པར་སྒྲོན།།
ལན་རྒྱག་པ་ལ་ལན་སྐྱོན་ཟེར།།
ལྟ་ཚུལ་ལ་ནི་གཟིགས་ཚུལ་དང་།།
ལྟ་སྐོར་བྱེད་པར་གཟིགས་སྐོར་ཟེར།།
ཁྲོ་བའི་མིང་ལ་དགོངས་པ་འཚོམས།།
གཤེ་གཤེ་བཏང་བར་བཀའ་བཀྱོན་གནང་།།
བཟོད་སྒོམ་ཞུ་བར་དགོངས་དག་ཞུ།།
མི་ཚེ་ལ་ནི་སྐུ་ཚེ་དང་།།
ཤེས་རབ་ལ་ནི་མཁྱེན་རབ་ཟེར།།
ཤེལ་མིག་ལ་ནི་སྤྱན་ཤེལ་དང་།།
མིག་ཆུ་ལ་ནི་སྤྱན་ཆབ་ཟེར།།
ཆུ་ཡི་མིང་ལ་ཆབ་དང་ནི།།
ཆུ་ཡི་མཆོད་པར་ཡོན་ཆབ་ཟེར།།
གཅིན་གཏོང་ཕེབས་པར་ཆབ་བསང་དང་།།
ཤི་བའི་རོ་ལ་སྐུ་གདུང་ཟེར།།
རྒྱུ་བདག་མིང་ལ་ཕྱག་མཛོད་དང་།།
བཟའ་ཟླ་ལ་ནི་ལྷ་ལྕམ་དང་།།
སྤྲུལ་སྐུའི་བླ་མར་ཡོངས་འཛིན་ཞུ།།
བཞོན་པའི་རྟ་ལ་ཆིབས་རྟ་དང་།།
རྟ་ལ་ཆིབས་པ་རྟར་ཞོན་ནམ།།
ཆིབས་ནས་འགྲོ་བར་ཆིབས་བསྒྱུར་ཟེར།།
སྐྲ་བྲེག་པ་ལ་དབུ་སྐྲ་བསིལ།།
བྲིས་པའི་ཡི་གེར་ཕྱག་བྲིས་བརྗོད།།
ངོ་ཐུག་པ་ལ་མཇལ་འཕྲད་དང་།།
ཁྲུས་བྱེད་པ་ལ་ཁྲུས་གསོལ་ཟེར།།
འགོ་ཁྲིད་ལ་ནི་དབུ་ཁྲིད་དང་།།
འགོ་གཙོ་ལ་ནི་དབུ་གཙོ་བརྗོད།།
ལག་པ་མགོར་བཞག་ཕྱག་དབང་དང་།།
འགོ་འཛུགས་པ་ལ་དབུ་འཛུགས་སམ།།
འགོ་ཚུགས་པ་ལ་དབུ་བརྙེས་ཟེར།།
མགོ་ཡི་རྒྱན་ལ་དབུ་རྒྱན་དང་།།
སྐེ་ཡི་མིང་དུ་མགུལ་རྒྱན་ཟེར།།
གཅོད་བྱེད་གྲི་ལ་ཕྱག་ཤན་དང་།།
དཀའ་སོང་ཞེས་པར་འོ་བརྒྱལ་ཟེར།།
བསྐྲུན་པ་ལ་ནི་བཞེངས་པ་དང་།།
ཁས་བླངས་པ་ལ་ཞལ་གྱིས་བཞེས།།
དོ་ཁུར་བྱེད་པར་ཐུགས་ཁུར་དང་།།
སེམས་ཀྱིས་ངེས་པར་ཐུགས་ཀྱིས་དགོངས།།
བསམ་འཆར་ལ་ནི་དགོངས་འཆར་དང་།།
སྤུན་ཟླའི་མིང་དུ་སྐུ་མཆེད་འབོད།།
མགྲོན་འབོད་པ་ལ་གདན་འདྲེན་ཞུ།།
བྱ་དགའ་སྟེར་ལ་གསོལ་རས་གནང་།།
ལུས་ཁམས་མིང་ལ་སྐུ་ཁམས་དང་།།
མིང་བཏགས་པ་ལ་མཚན་གསོལ་ཟེར།།
གུས་པའི་ཞེ་སའི་ཚིག་ཕྲེང་འདི།།
གཞན་གྱིས་བྲིས་པར་འཕྲི་སྣོན་གྱིས།།
ཁམས་སྨྱོན་བྱམས་པ་མིང་ཅན་ནས།།
རྩིས་འཁོར་བསྡེབས་སྟེ་བྲིས་པ་དགེ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།