中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། མི་མཇེད་འཁོར་བ་རིག་ན་སྐྲག་སྣང་སྐྱེས།
དུས་ཚོད།2019-07-22 10:44:10     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཅོ་བྱང་སྐར། [སི་ཁྲོན]    ཆུང་། | འབྲིང་། | ཆེ།
    དུས་གསུམ་རྒྱལ་བའི་གསུངས་འདུས་པའི།།
ནང་བའི་སངས་རྒྱས་ཁོ་ལག་རྫོགས།།
དྲི་བྲལ་དར་དཀར་སྐྱེས་སུ་ཕུལ།།
ང་ཡི་ངག་ལ་རམ་འདེགས་མཛོད།།

སྟོང་ཉིད་གར་སྟེགས་སྟེང་གི་འཁྲབ་སྟོན་པར།།
སྤྲེལ་རྒྱལ་ལེགས་མཛེས་རྣམ་ཤེས་ཁོངས་སུ་ཞུགས།།
སྤྲུལ་བའི་འདུ་བྱེད་བདུན་ཅུ་དོན་ལྔ་སྟེ།།
མིག་གི་དབང་བོར་སྟོན་མོའི་གར་དུ་འཁྲབ།།

རྐང་ལག་སོ་སོ་ཕར་གཡུགས་ཚུར་གཡུགས་ཀྱིས།།
སྐབས་རེ་སྐྲག་ལ་སྐབས་རེ་དངངས་མ་འདར།།
འདུ་གསུམ་འཇིག་རྟེན་ཁམས་ཀྱི་མི་བུ་རྣམས།།
སྐྲག་མ་དངངས་ཀྱི་བར་ན་འཚོ་ཞིང་ལུས།།

གློག་གི་ནུས་པས་འཇིག་རྟེན་ཁོ་ལག་རྫོགས།།
བར་ཆད་བྱུང་ན་མྱི་བུ་སྨྱོ་ལ་ཁད།།
རེ་ཡོད་རེ་མེད་བར་ན་འདུར་རྒྱུགས་པའི།།
མི་བུ་འདི་རྣམས་མཐོང་ན་ཡི་རེ་མུག།

དང་པོ་ལས་ཀྱི་བསགས་པའི་ལས་དོན་རྣམས།།
བསྐྱུར་ནས་ཨ་གསར་གཤིས་ཀྱི་རྗེས་སུ་རྒྱུགས།།
བར་དུ་སུན་སྣང་རུམ་གང་ཁྱེར་ནས་ནི།།
ཨ་ཡོ་ཨ་ཤེ་འདོན་བཞིན་ཕྱི་ལ་འོངས།།

ཉི་མ་ཤར་ཚེ་ཁོང་ལ་དྲན་ཚུལ་གཅིག།
ཟླ་བ་འཆར་ན་ཁོང་ལ་འཆར་སྒོ་གཉིས།།
འགྲོ་འདུག་བསྐྱོད་གསུམ་བར་ན་བསམ་ཚུལ་གསུམ།།
སྤྲེའུ་རིགས་སུ་བཤད་པ་འཕྱུག་མེད་ཀི།།

སྲོག་ནི་མི་གཅོད་སྡུག་པ་མི་བཅའ་ཞེས།།
སུ་དང་གང་ལ་ཐུག་ན་བཤད་པར་བྱ།།
རང་གིས་ཟས་སུ་དཀར་ཟས་སྤྱོད་པ་ལས།།
དམར་ཟས་མི་བཟའ་ནང་བ་རྣམ་དག་དཀོན།།

སློབ་གླིང་རིག་པ་སྦྱོང་བའི་གླིང་ག་ན།།
རིག་པའི་དཔའ་བོ་ཇེ་ཉུང་ཇེ་ཉུང་རེད།།
དེ་ལས་ལྡོག་སྟེ་དབང་ཆེན་དཔོན་པོ་དང་།།
གཅར་རྡུང་བསྐོར་གསུམ་བྱེད་པའི་དཔའ་བོ་མང་།།

གཡང་ཁྱིམ་བརྗིད་སེ་ཆགས་པའི་སྡེ་བ་ན།།
མ་ཎི་ཡིག་དྲུག་འགྲོ་དྲུག་ཀུན་ལ་འདྲེན།།
འཆམ་མཐུན་འཕེལ་རྒྱས་མགྱོགས་པའི་གཡང་གི་ཁྱིམ།།
ད་ནི་ཕ་བུའི་བར་ན་ཐེ་ཚོམ་ལྷག།

དག་པ་ཆོས་ཀྱི་སྙིང་བོ་མ་ཎི་ཡང་།།
ད་ནི་དབྱངས་སུ་བཀུག་ནས་གླུ་རུ་གྱེར།།
དགའ་སྐྱོ་འཁོར་བའི་སྙིང་བོ་སངས་རྒྱས་ཆོས།།
ད་ནི་རོལ་མོའི་རམ་འདེགས་འོག་ན་འཐེན།།

ཨ་ཁུ་པདྨ་རྒྱ་ཡི་ཡུལ་དུ་ཕྱིན།།
མདོ་མེད་རྟ་རྡོས་བོད་ཁུལ་རྙོག་སེ་དཀྲུགས།།
བྲེལ་འཚུབ་ལང་ལོང་བར་ན་མགོ་རྙོག་པའི།།
མི་མཇེད་འཁོར་བ་རིག་ན་སྐྲག་སྣང་སྐྱེས།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།