༄༅།། དུས་ཀྱི་གཏམ། - སྙན་ངག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། དུས་ཀྱི་གཏམ།
དུས་ཚོད།2019-07-22 10:45:23     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། རྡོ་དཀར་པདྨ་རྡོ་རྗེ། [གཙོས]    ཆུང་། | འབྲིང་། | ཆེ།
    དང་པོ་སེམས་ཀྱི་རང་བཞིན་འོད་གསལ་བ།།
རིམ་བཞིན་ལས་དང་ཉོན་མོངས་ཀྱིས་བཏུམས་པ།།
བཏུམས་པ་བཀྲོལ་ལ་གཤིས་ཀྱི་དེ་ཉིད་སྟོན།།
དེ་ལྟར་མ་ནོར་ལེགས་པའི་ལམ་སྟོན་པ།།
རང་གི་རིགས་ཀྱི་ཐོག་མའི་གོམས་སྲོལ་དང་།།
དེ་ལ་དེ་ཡི་ལུགས་བཞིན་ལག་ལེན་གཉིས།།
རྩ་བ་མ་ཉམས་ཚང་ཚིང་རྫོགས་ལྡན་པས།།
གསོ་ལ་གསོས་ཀྱི་མངའ་ཐང་བྱེར་ནས་འོང་།།
གནའ་སྲོལ་དྭངས་མ་སྲོག་ལ་བཀུར་བ་དང་།།
དེང་སྲོལ་མྱུར་རྩལ་རྒྱན་དུ་སྤྲས་པ་གཉིས།།
འཕེལ་ཁ་དར་ལ་ཆོས་ཉིད་མ་བོར་བ།།
ཁུངས་ལྡན་ཆོས་ཕྱུག་རང་རིགས་གོམ་ཁ་བདེ།།
རིག་པ་རྩལ་སྤྲུག་ཡང་དག་གནས་ལ་བསླབས།།
གསོ་ལ་མི་གཞིའི་སྐྱེད་འཕེལ་གསོ་བ་གཉིས།།
ངེས་དོན་མཚུངས་འཕེལ་འཇིག་རྟེན་སྲོག་གི་རྒྱུན།།
ཉམས་མེད་བསྐལ་བའི་མཐའ་རུ་བསྲིངས་ནས་འོང་།།
སྐྱབས་གསུམ་དད་དམ་གཙང་མར་འཇུག་ཟབ་པ།།
ཉིད་ཀྱིས་བླངས་ཏེ་གཞན་བདེར་བརྩོན་དམ་པ།།
མཆོག་གསུམ་དད་པའི་ཕུགས་ཐག་འདི་ཡིན་པ།།
རྨོངས་དད་བརྗོད་པ་རང་ཉིད་བླུན་ཆོད་པ།།
རང་རིགས་གཞུང་གི་ཟབ་དོན་སྲོག་ཤིང་དང་།།
གཞན་རིག་དྭངས་མ་རྒྱན་དུ་ལེན་ཤེས་པ།།
རྩ་བ་སྦོམ་ལ་ཡལ་ག་འཛོམས་ལེགས་པས།།
རྒྱུན་མར་འཕེལ་གྱི་འཇུག་ལམ་ཡངས་ཤིང་རིང་།།
འོ་མ་ལན་བརྒྱར་བྱུགས་པའི་མར་ལོ་དང་།།
ནས་དཀར་བརྔོས་རྒྱབ་སྦྲང་དཀར་རྩམ་པ་གཉིས།།
འོ་ཇའི་དཀར་ཡོལ་ནང་དུ་མཐུན་ཚུལ་འདི།།
བོད་མི་རྒྱགས་ཤའི་སྟོབས་ཡིན་གཞན་ལའང་ངོ་།།
མི་གཤིས་མི་གསོ་སྐར་གྲངས་གསོ་བར་འབད།།
དབུ་ཕར་མི་རྩོད་ཐ་སྙད་རོལ་རྩེར་གཡེངས།།
ཆེན་མོའི་མིང་ཡིག་ཙམ་ཞིག་རེག་ཙ་ན།།
མེས་པོར་གླེན་རྟགས་མོད་ཅེས་མི་གླེང་རོགས།།
སྐད་ཅིག་མི་བརྟན་གཡོ་ལ་ངེས་འབྱུང་གཅིག།
གར་ཁྱབ་སེམས་ཅན་སྙིང་རྗེའི་བྱང་སེམས་གཉིས།།
བསླུ་མེད་དགོངས་དོན་ཡང་དག་ལྟ་གྲུབ་གསུམ།།
རྣམ་གྲོལ་ཐར་བ་ཐོབ་པའི་ལམ་གྱི་གཙོ།།
དཀར་ནག་རྣམ་འབྱེད་མེས་པོའི་རྣམ་དཔྱོད་ཀྱི།།
གཙུག་ལག་མུ་ཏིག་གསེར་ཕྲེང་རྒྱུན་གཙང་བས།།
ཟབ་རྒྱས་གདམས་པ་བསྐལ་བའི་སྲོག་ལ་མདུད།།
ངོ་མཚར་རྟེན་འབྲེལ་རྟོགས་པའི་ཤེས་རབ་བསྩལ།།
འབྱུང་ལྔས་ལུས་ཁམས་འཛིན་ལ་སྙོམས་ཀྱིས་བདེ།།
ས་གཞི་གཏེར་གྱི་ཁམས་ལའང་དེར་མཚུངས་བཞིན།།
མི་མཐུན་རྒོལ་བ་ནག་པོའི་སྦྱོར་རྩུབ་ཀྱིས།།
ཐལ་བར་བརླགས་ན་རྒུད་པའི་གྱོང་ཁ་རང་།།
ལས་ངན་བག་ཆགས་གཅོང་རོང་སྦུབས་སུ་གབ།།
ཀུན་འབྱུང་འཇུག་རིམ་དྲུངས་ནས་མ་གསལ་བ།།
ཕྱི་ལྡིར་ཁོག་སྟོང་ཡར་སྐྱེད་ཚད་མར་བཀུར།།
དེང་འདིར་བདེ་བ་མེད་ཅེས་མགོ་བོ་ལྷུང་།།
མགྱོགས་པ་མགྱོགས་པས་བསྟད་ནས་འགྲོ་ཞོར་དུ།།
དལ་བའི་དཔུང་ལ་དམན་གྱིས་འཕྱ་ཞིང་བརྙས།
འཇུག་པ་ལས་ཀྱིས་བཙུར་ནས་འོངས་པའི་ཚེ།།
མགྱོགས་རྣམས་དལ་བའི་བདེ་ལ་ཁ་ཆུ་བཙགས།།
རང་སྲོལ་དྭངས་མར་བརྩེ་ཞེན་སྐམ་དུ་ཆགས།།
གཞན་སྡེའི་རིགས་ལ་དུངས་པ་འབར་ཚུལ་འདིས།།
མི་གཞི་ནད་པ་ཞིག་གི་སྦྱོར་བ་ལས།།
ཕ་རོལ་མི་ཐོགས་དེ་ཉིད་ལྷུང་ནས་ཡོང་།།
དོན་གྱི་གནད་ལ་མི་འཇུག་ཚུགས་ཀར་སྤྲོ།།
ཕྱི་ཤུན་མཛེས་ལ་རིག་པ་རྩལ་དུ་སྤྲུགས།།
སྙིང་བོ་འབྲས་བུའི་ཕུན་ཚོགས་འཇལ་བའི་ཚེ།།
ཡང་བའི་བྱ་སྤུའི་རྗེས་སུ་ཞོགས་ནས་བོར།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།