中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། བར་ཐག་འདིའི་དབང་གིས།
དུས་ཚོད།2019-09-05 09:00:08     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། པད་མ་རྒྱལ། [མཚོ་སྔོན]    ཆུང་། | འབྲིང་། | ཆེ།
ཁྱོད་ནི་གཙང་བོ་གཙང་བོ་ཞིག་གི་ཕ་རོལ་ན།།
ང་ནི་རྒྱ་མཚོ་རྒྱ་མཚོ་ཞིག་གི་ཚུར་རོལ་ན།།
ལས་དབང་ཞིག་གིས་ཁ་ཁ་བཏང་སོང་རུང་།།
ཕན་ཚུན་འབྲེལ་བ་སྔར་བཞིན་བརྟན་དུ་གནས།།

ཁྱོད་ཀྱི་རེ་སྒུག་རྒྱ་མཚོ་གང་ལས་ཆེ་ན་ཡང་།།
ང་ཡི་དྲན་སྣང་གཙང་ཆབ་གང་ལས་མྱུར་ན་ཡང་།།
གཅིག་སེམས་གཅིག་ལ་ཆགས་པའི་དམ་བཅའ་དེ།།
ཚེ་འདིར་མ་ཤི་བར་དུ་འགྱུར་མེད་རྟག་བརྟན་ཡིན།།

ལན་རེར་ཁྱོད་ཀྱིས་ང་དང་ཁྱོད་ཀྱི་བར་ཐག་དེ།།
གནམ་དང་ས་ཡིན་ཉིན་དང་མཚན་ཡིན་ཟེར།།
ཆར་ཤུལ་རྗེས་ན་འཇའ་ཚོན་སྣ་ལྔ་དེ་ཡོད་ན།།
སྒུག་པའི་མཐའ་མ་བདེ་སྐྱིད་དགོད་སྒྲ་དེ་ལོས་ཡོད།།

ང་ཡིས་སྡུག་བསྔལ་མེད་པའི་བདེ་བ་ཞིག་བཟོ་འདོད།།
ང་ཡིས་ཉི་མ་པད་མོའི་བརྩེ་དུངས་ཤིག་བསྐྲུན་འདོད།།
ང་ཡིས་རླབས་རྒྱུན་རིང་བའི་དགོད་སྒྲ་ཞིག་བསམ་ཡོད།།
ང་ཡིས་མིག་ཆུ་མེད་པའི་བརྩེ་འདང་ཞིག་འདོད་ཡོད།།

སྐྱིད་དུས་བསོར་དུས་མཉམ་དུ་བསྡད་པ་དགའ་ལྷང་ལྷང་།།
ཞེ་ལ་ཐོགས་ཤིང་སེམས་ལ་ཟིན་པ་དྲན་ལྷང་ལྷང་།།
བརྩེ་བ་ཟབ་ལ་ཁ་ཚིག་མཐུན་པ་སྐྱིད་ལྷང་ལྷང་།།
བྲལ་བ་བྲལ་བའི་ལས་དབང་བསམ་ན་སྐྱོ་ལྷང་ལྷང་།།

བར་སྣང་སྤྲིན་པ་ཕྱོགས་མཚམས་ཀུན་ཏུ་འཐོར་ན་ཡང་།།
ལྗོན་པའི་གསེབ་ཀྱི་བྱིའུ་ཚོགས་ཐག་རིང་འཕུར་ན་ཡང་།།
སློབ་ར་གཅིག་ནས་མཉམ་དུ་སོང་བའི་རྐང་རྗེས་དག།
ཡུན་གྱིས་ཡུན་གྱིས་དྲན་ན་ཚོར་ཤུགས་དྲག་པོ་ཞིག།

སྐྱེས་གཟུགས་མོ་སྒོ་བསམ་ནས་ཁྱེད་ལ་མ་དགའ་མོད།།
ལྷད་མེད་བརྩེ་འདང་བསམ་ནས་ཁྱེད་ལ་དགའ་ཡོད་ལགས།།
རྒྱུ་དང་འབྱོར་བ་བསམ་ནས་ཁྱེད་ལ་མ་དགའ་མོད།།
གཤིས་རྒྱུད་གཙང་མ་འདོད་ནས་ཁྱེད་ལ་དགའ་ཡོད་ལགས།།

འཚོ་བ་སྐྱིད་རུང་སྡུག་རུང་འཛུམ་མདངས་དེ་ཡལ་མེད།།
བར་ཐག་རིང་ཡང་ཐུང་ཡང་དམ་ཚིག་དེ་བརྗེད་མེད།།
ཡིད་ཆེས་ཡོད་ཀྱང་མེད་ཀྱང་དགའ་བ་དེ་འགྱུར་མེད།།
ཁ་རྩོད་ཙག་ཙིག་བྱུང་རུང་བགྲོད་མཚམས་ཏེ་བཞག་མེད།།

ནམ་མཁའི་ཟླ་བ་ལྷ་མོའི་གསང་གཏམ་ལ་ཉན་དུས།།
ང་དང་ཁོར་ཡུག་ཐམས་ཅད་དྲན་གདུང་གི་ན་བུན།།
གར་ཡོང་མ་འཚལ་རླུང་བུ་གྲང་ཤུར་གྱིས་ལྡང་དུས།།
ཡ་ཆུང་གཞི་ནས་བཅོམ་ལ་རྨང་ནས་རང་འཁང་སོང་།།

རིང་ལ་མི་རིང་ལོ་ངོ་གཉིས་ཀྱི་འགྲོ་རོགས་མ།།
ཁ་ལ་མཉམ་བཟའ་མཉམ་འཐུང་བྱེད་པའི་བློས་ཐུབ་མ།།
དཔུང་བ་མཉམ་དུ་གཤིབ་དེ་བསྐྱོད་པའི་འགྲོ་རོགས་མ།།
དགའ་སྡུག་གང་ཡང་མཉམ་དུ་མྱོང་བའི་གཤིས་བཟང་མ།།

དགོང་ཁའི་ཉི་འོད་རི་ལ་བཞུད་དུས་ཁྱོད་ཉིད་དྲན།།
ཞོགས་ཀའི་ཉི་ཟེར་ཤར་ནས་འཆར་དུས་ཁྱོད་ཉིད་དྲན།།
འཁྱག་པས་བསྡམས་པའི་ཁང་སྟོང་འདི་རུ་ཁྱོད་ཉིད་དྲན།།
རྒྱུས་མངའ་མེད་པའི་གྲོང་ཁྱེར་འདི་ནས་ལྷག་ཏུ་དྲན།།

 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།