中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ང་ད་རུང་ལམ་ན་ཡོད།
དུས་ཚོད།2019-09-13 14:33:30     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། རྡོ་དཀར་པདྨ་རྡོ་རྗེ། [གཙོས]    ཆུང་། | འབྲིང་། | ཆེ།
   མཛེས་པ་ཙམ་ལ་འཐམས་པའི་རྒྱགས་ཉམས་ཤིག་གིས།
བེམ་པོར་ཁྱིམ་མཚེས་སུ་སྒྲིགས་པའི་གོ་འཛོལ་མོད་པོ་དེས།
བཙུར་ནས་འོང་ཞིང་དེད་ནས་ཐོན་པའི་བྱུང་བ་དག་གིས།
སྡུག་ཤི་འཐེབས་པའི་མྱིག་ཆུ་ལ་སུ་ཞིག་གིས་སྙིང་རྗེ་སྩོལ།
གོ་རིམ་གཙང་མ་རྒྱབ་ཏུ་གཏོར་བའི་ཉེས་དམིགས་ཁ་བོས།
དོན་ལྔ་སྣོད་དྲུག་ལ་རྒོལ་རྩུབ་ཐེབས་པའི་ཤི་ཐེངས་རེ་རེར།
ལེ་ལན་གྱི་མྱོང་བ་མགོ་ཐོག་ན་ཉལ་བའི་རྟོགས་པ་ཨེ་ཡོད།

ང་ད་རུང་ལམ་ན་ཡོད ཨ་མ་ཉི་མའི་ལམ་ན་ཡོད།
ཨ་མ་ཉི་མ ང་ཕ་རོལ་ནས་ཕ་རོལ་ཏུ་བགྲོད་པའི་ཤེས་རབ་ཡིན།
གཞི་མེད་སྒྲོམ་གྱི་བདག་པོ་དག་གི་འགྲོ་ཚུལ་གྱིས།
རྡོག་རྡོག་ཅིག་ཤེས་པས་བཟུང་ཡོད་ལྟ་བུའི་ལྟར་སྣང་བ་དག
རྒྱང་ཐག་བློ་ཡིས་མ་ཟིན་པའི་ཐུང་ཐུང་ཐུང་ཐུང་ཞིག་བཟུང་ནས།
རིང་བོ་རིང་བོ་ཞིག་ལ་བརྩོན་པ་མ་ལྷོད་པའི་འདུར་ཉམས་ཤིག་གིས།
འཕེལ་རྒྱས་ཀྱི་མཁའ་མཐའ་ཟིན་པའི་བྱིས་བློ་བསྒྲིགས།
འཇའ་ཚོན་གྱི་གཞུ་རིས་ལ་འཐམས་པའི་བྱིས་བློ་ནི།
ལག་སྟོང་མཆན་བཙུར་གྱི་སྟོང་བསམ་རིང་ལུཊ་པའི་མངའ་ཐང་རེད།

གློ་བུར་གློ་བུར་དུ་བྱུང་བའི་སྟོང་བསམ་ལ་འུར་གྱིས་བསྟད་ཅིང་།
བྱུང་བ་འཕྲུལ་གྱིས་བཟུང་བའི་ཁ་གཡང་ཀུན་གྱི་རྣ་ལམ་དུ་འཁྱེར།
ཐུན་མིན་གྱི་ཡིན་མདོག་མདོག་ཅིག་གི་རྔུལ་ཆུ་འབྱིན་ཚུལ་གྱིས།
བདེན་པ་བདར་བའི་ཁྱིམ་མཚེས་དག་ལ་རྗེས་ལུས་ཀྱི་བརྡ་རྟཊ་བྱིན།
ཁྱིམ་མཚེས་དག་གང་ལ་ཕྱིན་པར་སེམས་ཀྱིས་བལྟས་པས།
རང་ཉིད་ནད་པ་ལྗིད་མོ་བཞིན་ཉལ་འདུག་པའི་ངེས་པ་ཉོས།
ཆུ་མེད་ཁྲོན་པ་རྐོ་བའི་དམིགས་མེད་ཀྱི་ངལ་མཐའ་མཐོང་བཞིན་དུ།
རྔུལ་ཆུའི་ཕྲེང་ཐག་རྒྱུན་མཁན་ནི་བླུན་མགོ་མཐོ་རུ་བཏེགས་པའོ།

ཁ་སང  ས་བོན་གཏོར་བའི་གཤིན་ས་པང་དུ་རུམ་ནས།
དེ་རིང  ཆུ་ལུད་དྲོད་གཤེར་གྱི་འཛོམས་པར་སེམས་ཀྱིས་སྨོན་ཏེ།
སང་ཉིན  དུས་གསུམ་གྱིས་བསྩལ་བའི་རང་སེམས་འཁྱེར་ནས།
ཨ་མ་ཉི་མ་བཞིན  གཞན་བདེ་རུམ་པའི་འཕྲིན་ལས་འཇུག་ཏུ་འགྲོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།