中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། བཞུད་ལམ་གྱི་འཁྲུལ་སྣང་།
དུས་ཚོད།2019-09-13 14:35:49     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། མགོན་པོ་སྐྱབས། [ཀླུ་ཆུ]    ཆུང་། | འབྲིང་། | ཆེ།
 ཟིལ་འཇམ་ཟླ་བ་ཁེར་འགྲོ།།
མཚན་མོའི་མཁའ་ལ་ཆགས་ཀྱང་།།
སྟོན་མཇུག་ཁ་བའི་མགྲོན་གྱིས།།
འཕུར་བའི་མདུན་ལྗོངས་བཀག་སོང་།།

དཀར་བོ་དུང་གི་ཁ་བ།།
མཐོན་པོའི་དབྱིངས་ནས་འབབ་དུས།།
རྒྱང་རིང་མགྲོན་པོའི་ཕྱོགས་ལ།།
བལྟ་བའི་མིག་ཟུང་འགག་ཡོང་།།

ཞོགས་པའི་ཉི་ཟེར་ཕྲ་མོ།།
དོག་མོའི་ས་རུ་འཛུམ་ཡང་།།
ཁ་བའི་གྲང་རླུང་བསམ་ན།།
རེ་ཞིག་མི་འདུག་ག་མེད།།

དབྱར་གྱི་ལྕང་ལོའི་གསེབ་ན།།
ཁེར་འཕུར་བྱེའུ་ཆུང་ཁྲ་ལོས།
རྒྱང་རིང་ཡུལ་ལ་བལྟས་ཀྱང་།།
འཕུར་བའི་གོ་སྐབས་མ་བྱུང་།།

གང་ལ་བཞུད་པའི་ལམ་པ།།
ཁྱོད་དང་ང་ཡི་སེམས་ལས།།
ཁ་བའི་འདབ་མ་རེ་རེས།།
གསལ་ཐག་ཆོད་པ་ལས་རེད།།

འཚོ་བའི་བྱེའུ་ཆུང་དཀར་པོ།།
ལས་ཀྱི་གས་སྲུབས་བར་ན།།
བསམ་གཞིག་རྒོད་པོས་བཅུམས་ཏེ།།
འཕུར་བའི་རང་དབང་མ་བྱུང་།།

ཁ་སང་བཞེངས་པའི་གླུ་ཆུང་།།
སྙན་མོའི་དབྱངས་ལ་བཀུག་སྟེ།།
དེ་རིང་ལེན་ན་འདོད་ཀྱང་།།
གྲང་འཁྱག་ཁ་བས་བསྡམས་སོང་།།

མངར་ལ་ཞིམ་པའི་ཟས་མཆོག།
བདག་ཉིད་སྤྲོ་བའི་གཞི་མ།།
མདུན་གྱི་སྐྱུར་མོའི་ཁུ་བ།།
ལན་རེར་མངར་ལ་ཞིམ་ཨང་།།

ཉིན་དང་མཚན་གྱི་བར་ན།།
ཞོགས་དང་དགོང་ཁའི་མཚམས་ན།།
ལྷོད་ཆགས་ཉལ་སར་འཛུམ་པ།།
རང་ལས་གཞན་ཞིག་མ་འོང་།།

མཛེས་སྡུག་སྨོན་པ་འཆོར་བའི།།
དབྱར་གྱི་འབྲོག་ཐང་ཡངས་མོ།།
མིག་གི་ལོངས་སྤྱོད་ཙམ་ལས།།
རྟག་བརྟན་མིན་པས་སྐྱོ་ཨང་།།

བདེ་སྙོམས་ལམ་ཁ་ཡངས་པོ།།
རྐང་ལམ་གང་ལས་མཆོག་ཀྱང་།།
འགྲོ་དྲུག་རྒྱུག་འདུར་བཙན་པས།།
ཁོ་བོར་རྐང་ལམ་ཁོ་ན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།