中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། གངས་རིའི་བུ་མོའི་འཁུན་དབྱངས། ཚེ་རིང་ལྷ་མཚོ། [སི་ཁྲོན]
དུས་ཚོད།2019-10-16 14:43:29     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 ཨ་ཕའི་ཞེ་འདུན་བཞིན། 
ཨ་མའི་རེ་སྨོན་བཞིན།
རང་ཉིད་ཀྱི་དམ་བཅའ་བཞིན།
བོད་གོས་མཛེས་རྒྱན་དུ་བརྩིས་ཏེ།
བོད་སྐད་སྙན་དབྱངས་སུ་བགྲངས་ནས།
བོད་ཟས་ཀྱི་ཞིམ་མངར་ལ་རོལ་བཞིན།
བོད་ཡུལ་གྱི་རི་ཀླུང་ལ་འཐམས་ཏེ།
གངས་རིའི་བུ་མོ་ཚོ།
ཕུགས་འདུན་དང་ཕུགས་བསམ་བཏེགས་ནས།
ལ་རྒྱ་དང་ལང་ཚོ་མཆོད་ནས་འོང་གིན་ཡོད།
 
དུས་དེ་རིང་ནས་བཟུང་།  མོ་དམན་གྱི་ལྟ་བ་དེ་དོར་ནས།
གྲལ་མཐའ་ཡི་ཀོ་སྟན་དེ་བསྐྱུར་ཏེ།
རང་དབང་གི་མི་ཚེ་དེ་བསུ་བཞིན།
ལང་ཚོ་དང་མཛེས་སྡུག་ཁྱེར་ནས་འོང་གིན་ཡོད།
 
དུས་དེ་རིང་ནས་བཟུང་།
རྙིང་ཞེན་གྱི་ཞྭ་མོ་དེ་དོར་ནས།
རྗེས་ལུས་ཀྱི་ཐབ་ཚང་དེ་བསྐྱུར་ཏེ།
ཤེས་བྱ་ཡི་མགུལ་རྒྱན་དེ་ངོམ་བཞིན།
ཡིད་ཆེས་དང་བརྩེ་དུང་བསྣམས་ནས་འོང་གིན་ཡོད།
 
ད་དུང་མཐོ་སྒང་གི་བུ་མོ་ཚོས།
ལྷ་ཆོས་ཀྱི་དགེ་བ་དེ་སྒྲུབ་བཞིན།
གཡོ་སྒྱུའི་འཛུམ་མདངས་དེ་དོར་ཡོད།
མི་ཆོས་ཀྱིས་འཁོར་བ་དེ་སྐྱོང་བཞིན།
ཕྲག་དོག་གི་མིག་ཟུང་དེ་བཙུམ་ཡོད།
དྲང་བདེན་གྱིས་ཁྱིམ་གཞིས་དེ་འཛུགས་བཞིན།
ང་རྒྱལ་གྱི་སྐྲ་ལོ་དེ་བཅད་ཡོད།
 
དེ་ན་ང་ཚོའང་།  དུས་རབས་ཉེར་གཅིག་པའི་ནང་།
ཆེས་ཡིད་འོང་དང་བདེ་སྐྱིད་ཀྱིས་འཚོ་དགོས་ལ།
ཆེས་དྲང་བདེན་དང་འདྲ་མཉམ་གྱིས་རྒྱུ་དགོས།
ད་ནི།  མཐོན་པོའི་ཁྲི་ལ་གཏད་ནས།
ཆེན་པོའི་གནས་ལ་དམིགས་ནས།
ལྔ་ཟུང་རིག་པའི་མཛེས་རྒྱན་བསྣམས།
ཚན་རིག་ཤེས་བྱའི་ཟུར་མིག་ངོམ།
ལྟ་བ་གསར་བའི་ལ་ཐོད་བཅིངས་ཏེ།
འཛམ་གླིང་གི་བུ་མོའི་གྲལ་དུ།
ངར་ངར་གྱིས་འགྱིང་པར་བརྩོན་འོས་སྙམ།
 
དེའི་ཕྱིར།
མེས་པོ་ཚོས་ང་ཚོར་གནང་བའི་ཞལ་ཆེམས་གསེར་ཤན་མ་སྟེ།
མ་འོངས་སྤྱི་ཚོགས་ཀྱི་གྲལ་རིམ་ན།
རྒྱང་རིང་གི་གནས་གང་ནས།  དུས་ནམ་ཡང་།
ཕ་མ་དང་ཕ་ཡུལ་ཞེ་ན་ཡོད།
སྤུན་མཆེད་དང་ན་ཟླ་སེམས་ན་ཐོགས།
ནོར་ལུག་དང་རྩྭ་ཐང་ཡིད་ན་འཁྲེང་།
འབྲི་ཞོ་དང་འོ་མར་བཅུད་དུ་བསྒོམས།
རྫ་རི་དང་གངས་རི་སྐྱབས་རྟེན་བཅོལ།
མི་རིགས་དང་སྐད་ཡིག་སྲོག་ཏུ་བཀུར།
འདི་དག་ནི་ང་ཚོའི་ཚེ་སྲོག་གི་རྒྱུན་ཐག་ཡིན་པ་བརྗེད་ཀྱིན་མེད།
 
དེས་ན་མཐོ་སྒང་གི་དཔའ་རྒོད་ཚོ།
ངེད་ཚོ་ནི་ཁྱོད་ཚོས་ཆེས་བཀུར་བའི་མ་ཡུམ་དེ་ཡིན་ལ།
ཆེས་བརྩེ་བའི་སྙིང་སྡུག་དེའང་ཡིན་སྲིད།
ད་དུང་ཆེས་གཅེས་པའི་བུ་མོ་དེ་དང་ཆེས་བྱམས་པའི་སྲིང་མོ་དེའང་ཡིན་ངེས་པས།
ཁྱོད་ཚོའི་ཡོད་ཚད་ཀྱི་ཡོད་ཚད་ང་ཚོ་དང་སྦྲེལ་ཡོད་པས།
ངེད་ཚོའི་བཞུད་ལམ་ན།
རྒྱབ་སྐྱོར་དང་རམ་འདེགས་ཡོད་པར་མཁྱེན།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།