༄༅།། རྩིང་བ་དཀོན་བྷེའི་རང་མོས་སྙན་ངག་ལ་རགས་ཙམ་དཔྱད་པ། - སྙན་ངག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། རྩིང་བ་དཀོན་བྷེའི་རང་མོས་སྙན་ངག་ལ་རགས་ཙམ་དཔྱད་པ།
དུས་ཚོད།2019-10-16 14:44:45     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། གངས་མུ་ཏིག [གཙོས]     ཆུང་། | འབྲིང་། | ཆེ།
(འདོན་ཐེངས་སྔོན་མར་མཐུད་རྒྱུ།) འོ་ན། འདིར་བརྗོད་པའི་སྙན་ངག་པ་རྩིང་བ་དཀོན་བྷེའི་སྙན་ངག་དག་བཀླགས་འོངས་ན། ཁོང་གི་སྙན་ངག་གི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་གང་ཡིན་ཞེ་ན། ཁོའི་སྙན་ངག་གི་སྐད་ཆ་བརྗོད་སྟངས་ནི་ཟོར་ཡངས་ལ་བབ་ལྷོད་པ། དབྱངས་ཀྱི་འདེགས་འཇོག་གསལ་ཞིང་། ཁ་གསལ་ལ་གོ་བདེ་བའི་ཁྱད་ཆོས་དེ་འཛོམས་ཡོད་པས། “སྙན་ངག་ནི་རོལ་དབྱངས་དང་རི་མོས་གྲུབ”པར་སྨྲ་བའི་ལྟ་དགོངས་དང་ཡོངས་སུ་མཐུན། ཁོང་གི་སྙན་ངག་ཏུ་བཟློས་མིང་མང་ལ་ཚིག་རྐང་རེའི་མཇུག་ཏུ་བྱེད་འབྲེལ་དང་མཚུངས་གསལ་གྱི་སྒྲ་མང་དུ་བཀོལ་ཏེ་དབྱངས་ཀྱི་འདེགས་འཇོག་ལ་དམིགས་ཀྱིས་དང་དོད་མཛད་པའི་ཁྱད་ཆོས་ཡོད། དེ་བས་ཁོང་གི་སྙན་ངག་ལས་ང་ཚོས་སྙན་ངག་པ་ཞིག་གི་ནང་སེམས་ཀྱི་ཆེས་དྭངས་གཙང་དང་མཛེས་སྡུག་གི་ཆ་དེ་མཐོང་ཐུབ། དཔེར་ན། “ཁྱོད་ཀྱིས་ཡོད་ཚད་བརྗེད་པར་གྱིས་དང་/ཁྱོད་ཀྱིས་བདེ་འཛིན་གྱི་ཞེན་ཡུལ་ཡོད་ཚད་བསུན་དབྱུང་རོགས” “ངའི་སེམས་ད་དུང་མ་ཤི་བས/ངས་སྡུག་བསྔལ་ཐ་དག/ངས་ད་དུང་ལེན་ཐུབ” “ཁྱོད་ཉིད་དྲན་དུས/ཁྱོད་ཉིད་ནམ་མཁའ་ན་ཡོད” “ཨམ་གཙིགས་བསྡམ་རོགས/ང་ཡི་སྟོན་ཁ/ ཁྱོད་ཀྱིས་བདག་གི་རྨི་ལམ་རིང་མོ/མཁའ་མཐའ་ལ་ཁྲིད་རོགས” “ང་ནམ་ཡང་མིང་ཚིག་ཅིག་ལ་དགའ/ཁོ་མོར/སྐྱེས་སྟོབས་དང་ཡིད་ཆེས་ཀྱི་དཔལ་ཡོན་ཞན་ནའང་/ཁོ་མོའི་སྨྱུག་ཁ་རེ་རེ་ན/ད་དུང་ཡང་རེ་བ་དང་ལང་ཚོའི་གསོན་ཤུགས་རེ་རེ་དྲག་ཏུ་འཕྱུར”སོགས་འདི་འདྲིའི་ཆེས་སྤྱིར་བཏང་གི་ཚིག་དང་སྐད་ཆ་མང་པོ་བཀོལ་བཞིན་འདུག་མོད། ཡིན་ཡང་ཁོང་གི་སྙན་ངག་གི་སྐད་ཆ་དག་ནི་སྙན་འཇེབས་དང་ལྡན་པའི་དུང་གི་སྒྲ་དབྱངས་བཞིན་ཉན་པ་ཙམ་གྱིས་མི་ལ་དགའ་བདེའི་སྣང་བ་སྟེར་ཅིང་། ལྷུང་ལྷུང་དུ་འབབ་པའི་རྫ་ཆུ་བསིལ་མ་བཞིན་དུ་དྭངས་ཤིང་གཙང་ལ་ལྗན་ལྗིན་དང་བྲལ་བ། ཡང་ན་རྩྭ་ཐང་ནས་ཐོས་པའི་གཞོན་ནུ་མའི་གླུ་དབྱངས་ལྟར་ཡིད་ཀྱི་སྐྱོ་བ་སངས་ཐུབ་པའི་ཁྱད་ཆོས་དེ་མངའ། སྙན་ངག་སྨྲ་བ་ཕྱག་རྡོར་ཚེ་རིང་གིས་ཁོང་ཉིད་ལ་འདི་ལྟར་གདེང་འཇོག་མཛད་ཡོད་དེ། “རྩིང་བ་དཀོན་བྷེ་ནི་སེམས་ཀྱི་རྒྱུད་སྐུད་ལྷོད་ཀྱིས་དཀྲོལ་བའི་རོལ་དབྱངས་མཁན་ཞིག་ཡིན་ལ། ཁོང་གི་དབྱངས་རྟ་དེ་ནི་གནའ་བོའི་དགོན་གྲོང་ནས་མཆེད་པའི་ཆོས་རྔ་ཆེན་པོའི་དབྱངས་ཀྱི་འོ་མས་གསོས་བཏབས་པའི་དེང་རབས་ཀྱི་རོལ་དབྱངས་ཤིག་སྟེ། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་དབྱངས་རྟ་ཁྱད་པར་བ་ཞིག་ཡིན། དེ་བས་ཁོང་ལ་ནང་བསྟན་སྙན་ངག་པ་ཞེས་བོས་པ་ནི་དོན་དང་མཐུན”ཞེས་ཚད་མཐོའི་གདེང་འཇོག་མཛད་ཡོད་པའང་རྒྱུ་མཚན་འདུག་ཨང་སྙམ། འོན་ཏེ། ཁོང་གི་སྙན་ངག་དག་རེ་རེ་བཞིན་བཀླགས་ན། སྙན་ངག་པ་ཁོང་གི་གཤིས་ཉམས་ཏེ། འཇམ་མཉེན་དང་མཉེན་གཤིས་ཀྱི་ཁྱད་ཆོས་དེའང་ག་ལེར་མཐོང་ཐུབ་ངེས།
    དེ་མིན་ཁོང་གི་གཏན་ཚིགས་རང་བཞིན་གྱི་སྐད་ཆ་ལ་བརྟེན་ནས་ཆོས་ཉིད་བརྗོད་པའི་སྙན་ངག་(哲理诗)ཡང་མང་དུ་བྲིས་འདུག་སྟེ། དཔེར་ན། 《སྙིང་རྗེ》ཞེས་པའི་ནང་དུ“སྙིང་རྗེ་ལྡན་ན/ སྣོད་བཅུད་རྒྱུ་འབྲས་ངང་གནས་ཐུབ/སྙིང་རྗེ་མཆིས་ན/ སེམས་ཅན་ཕ་བུ་བཞིན་འཚོ་ཐུབ”པ་དང་། 《ཡང་ལྕི》 ཞེས་པའི་ནང་དུ། “དོན་ལ་ཡང་ལྕི་ཟེར་བ་ཡང་/རེས་འཇོག་གིས་གྲུབ་པས/ཡང་ཞིང་ལྕི་ལ/ལྕི་ཞིང་ཡང་”དེ་མིན 《གསང་བ》ཞེས་པའི་ནང་དུ“ང་ཡི་སེམས་པ་ས་གཞི་ཡིན་ཞིང་/ཁྱེད་ནི་ས་གཞིའི་སྟེང་གི་ལྗོན་པ་ཡིན/ང་རང་གཉིད་ནས/གཉིད་ནས་རྨི་ལམ་རྨི་དུས/ལྗོན་པ་ཡ/ཁྱེད་རང་བདག་གི་སྟེང་ནས་སྐྱེས”སོགས་གཏན་ཚིགས་རང་བཞིན་ལྡན་པའི་སྐད་ཆ་ལ་བརྟེན་ནས་འཇིག་རྟེན་གྱི་ཆོས་ཉིད་ཅིག་གསེད་བཀྲོལ་གཏོང་གིན་འདུག
    གསུམ་པ།  མཚོན་ཐབས་ཀྱི་སྐོར་ནས་ལྟ་བ།
    དེ་ཡང་སྙན་ངག་ཅིག་ལ་མཚོན་ན་ཅི་ཞིག་བྲི་རྒྱུ་དང་ཇི་ལྟར་མཚོན་རྒྱུ་དེ་གནད་གཙོ་བོ་རེད། སྙན་ངག་པ་མང་མང་ཞིག་གིས་ཅི་ཞིག་བྲི་རྒྱུ་དེ་ཤེས་ནའང་ཇི་ལྟར་འབྲི་བའི་སྐོར་ལ་དཀའ་ཁག་མང་དུ་འཕྲད་ཀྱིན་ཡོད། ཡིན་ཡང་སྙན་ངག་པ་སོ་སོས་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུ་བ་མཐའ་དག་ཡི་གེའི་གཟུགས་སུ་བཀོད་དེ་རང་ཉིད་ལ་དབང་བའི་འཇིག་རྟེན་ཞིག་གསར་བཞེངས་བྱེད་ཞོར་མིའི་རིགས་ཀྱི་རྣམ་ཤེས་དང་བླ་སྲོག་ལ་སྲུང་སྐྱོབ་མཛད་པ་རེད། དེ་བས་ན། མི་ཚོགས་ཀྱིས་སྙན་ངག་པ་ཚོར་“མིའི་རིགས་ཀྱི་རྟོགས་སད་པ”འམ་“མི་རིགས་ཀྱི་མགྲིན་ཚབ་པ”ཞེས་བོས་པས་མིང་བྱང་བརྗིད་པོ་དེ་འཁུར་དགོས་བྱུང་བ་རེད། ཡང་སྙན་ངག་པའི་འཇིག་རྟེན་དེ་ནི། ཚུལ་འཆོས་དང་གསོག་གསོབ། གཡོ་དང་རྫུན་གྱིས་བྲལ་བའི་གསར་བ་གསར་རྐྱང་གི་འཇིག་རྟེན་ཞིག བྱིས་བློ་དང་མ་བྲལ་བའི་དྭངས་གཙང་ལྷད་མེད་ཀྱི་འཇིག་རྟེན་ཞིག་ཡིན་ཚོད་འདུག ཡིན་ཡང་འཇིག་རྟེན་དེ་ཅི་ལྟར་གསར་བཞེངས་བྱེད་མིན་དེ་སྙན་ངག་པ་སྒེར་གྱི་རྟོག་པ་དང་བློ་སྦྱོང་། ཤེས་རབ་སོགས་ཕྱོགས་མང་པོ་ཞིག་དང་འབྲེལ་འདུག ཁོ་ཚོས་དུས་ཡུན་རིང་བོར་འཚོ་བའི་ཁྲོད་ཀྱི་མི་སྡུག་པ་དང་ལྗན་ལྗིན། དཀའ་སྡུག་དང་གདུང་སེམས་ཅི་རིགས་སྙན་ངག་ཏུ་བྲིས་ཏེ་འཚོ་གནས་ཀྱི་མདུན་ནས་མགོ་མ་སྒུར་བས་ཁོ་ཚོར་ཐུན་མིན་གྱི་རྩོམ་གཤིས་ཟེར་བ་ཞིག་ཀྱང་ཡུན་གྱིས་ཆགས་པར་གྱུར།
    འོ་ན། རྩིང་བ་དཀོན་བྷེའི་སྙན་ངག་ལ་རིགས་ཀྱི་སྒོ་ནས་དབྱེ་ན། གཙོ་བོ་ཡིད་འགྱུར་མཚོན་པའི་སྙན་ངག་དང་དུངས་བརྗོད་སྙན་ངག དོན་བརྗོད་སྙན་ངག་བཅས་རིགས་འགའ་ལས་གྲུབ་ཡོད། དེ་མིན་བསྡུས་བརྗོད་ཀྱི་ལམ་ནས་བྲིས་པ་དང་ཕུགས་བསམ་རིང་ལུགས་ཀྱི་སྙན་ངག་ཀྱང་མང་པོ་འདུག ཕུགས་བསམ་རིང་ལུགས་ཀྱི་སྐོར་ནས་དཔེར་ན། 《ཁྱོད་ལ་རང་དབང་གནང་ཆོག》དང་《གལ་ཏེ》 《ང་རང་རྒས་རྗེས》 《མ་འོངས་པར་ཕུལ་བའི་སྙན་ངག》སོགས་ཏེ། སྙན་ངག་པས་སྒེར་གྱི་འཚོ་གནས་དང་ཕྱིའི་ཁོར་ཡུག་གིས་བསྐྱེད་པའི་དཀའ་སྡུག་དང་མིག་ཆུ། དྲན་གདུང་དང་ཕམ་ཁ་སོགས་མི་འགྱང་བར་མེད་པར་གྱུར་ཏེ་བདེ་སྐྱིད་ལ་རེ་སྨོན་བྱས་པ་ནི། “གལ་ཏེ/ཁྱོད་ཀྱིས/རང་དབང་བཙལ་ཆེད/ང་དང་རིང་དུ་གྱེས་ན་ཡང་/ངས་ཁྱེད་ལ་ཞུ་བ་མི་གནང་/ཁྱོད་ཀྱིས་རང་དབང་སྤྱོད་ཕྱིར/ང་རང་གཞན་དབང་དུ་གནས་ཆོག”ཅེས་པ་དང་“གལ་ཏེ/ཁྱེད་ཉིད་མེད་ཚེ/ ང་རང་སང་ཉིན་གྱི་ལམ་དུ་ཁེར་རྐྱང་ཁོ་ན་ཡིན” “ང་འདི་ལྟར་རྒས་མོད/འོན་ཀྱང་/ངའི་སེམས་པ་ད་དུང་རྒས་མེད/ངས་ཁྱོད་ལ་སྒུག་པའི་སེམས་པ་ནམ་ཡང་རྒས་མི་སྲིད”ཅེས་སྙན་ངག་པས་《ཁྱེད》ཅེས་པ་ཞིག་བློས་བསླངས་བགྱིས་ཏེ་སེམས་འདུན་དང་སྨོན་འདུན་མཐའ་དག་དེ་ལ་ཞུས་ཤིང་དེའི་སླད་དུ་དཀའ་བ་བརྒྱ་ཕྲག་དང་ངལ་བ་སྟོང་ཕྲག་དང་དུ་ལེན་ཕོད་པའི་སྙིང་སྟོབས་དང་སྤོབས་སེམས་དེ་བརྗོད་ཡོད། ཁོང་གི་འཆར་ཡན་དང་བརྩེ་དུང་བསྣོལ་མར་བསྡེབས་པ་ལས་གྲུབ་པའི་སྙན་ངག་འདི་དག་བཀླགས་དུས། ང་ཚོས་ཨིར་ལན་གྱི་སྙན་ངག་པ་ཡེ་ཚིའི་(Yeats)སྙན་ངག་《ང་རང་རྒས་པའི་དུས》ཞེས་པ་དང་ཕུ་ཞུན་ཅིན་གྱི་《གལ་ཏེ་འཚོ་བས་ཁྱེད་རང་བསླུས་པའི་ཚེ་ན》ཞེས་པ་དག་དྲན་བྱུང་། དེ་ནི་སྙན་ངག་པ་ཁོང་གི་སྙན་ངག་གི་མཚོན་ཐབས་དེ་ཚད་མཐོ་ས་ཞིག་ཏུ་ཕྱིན་ཡོད་པ་མ་ཡིན་ནམ། ཡང་ཁོང་གི་སྙན་ངག་མང་པོ་ཞིག་ཆོས་ཉིད་བརྗོད་པའི་སྙན་ངག་ཏུ་གྱུར་ཡོད། ཁོས་“ཉི་མ”དང་“ཟླ་བ” “ས་གཞི” “ཆུ་བོ་དང་བྱེ་ཐང་” “ལྗོན་པ” “ནམ་མཁའ”ལྟ་བུའི་ཡིད་གཟུགས་(意境)ལ་བརྟེན་ནས་རང་གི་བརྗོད་འདོད་པ་གང་དེ་མཚོན་པའི་ལམ་ནས་ཀློག་མཁན་གྱི་སྤྱན་ལམ་དུ་བསྟར་ཡོད། དེ་མིན། ཁོ་རང་གི་ཕ་ཡུལ་དང་དགེ་རྒན། ཕ་མ་དང་མཛའ་མོ། གྲོགས་དང་གྲོགས་མོ་གང་རུང་ལ་ཕུལ་བའི་སྙན་ངག་མང་ཆེ་བ་དུངས་པ་ཐད་བརྗོད་ཀྱི་ལམ་ནས་བྲིས་ཡོད་དེ། རང་གི་མྱོང་སྣང་ཇི་སྙེད་བརྩེ་དུང་དྲག་པོའི་སྒོ་ནས་རྦབ་ཆུ་བཞིན་དུ་བྱོ་ཡོད་པས་ཀློག་མཁན་ཚོས་རོལ་མྱོང་བྱེད་དུས་གོ་དཀའ་བའི་དཀའ་ངལ་དེ་མེད།
    བཞི་བ།  མཇུག་གཏམ་རགས་བསྡུས།
    མིག་སྔར་ཤེས་ཡོན་པའི་སྡེ་དང་ངུར་སྨུག་གི་སྡེ། སྐྱ་བོའི་སྡེ་སོགས་ན་འོ་ཅག་གི་རང་མོས་སྙན་ངག་ལ་གོ་རྒྱུ་མི་འདུག མི་རིགས་དང་སྤྱི་ཚོགས་བདག་ཏུ་མི་གཉེར་གི་ཞེས་སྡུག་ཡུས་དང་འཁང་ར། སེམས་ཁུར་སོགས་བྱེད་མཁན་ཇེ་མང་དུ་འགྲོ་བ་དང་བསྟུན། སྙན་ངག་པ་ལ་ལས་སྙན་ངག་གི་ཞབས་འདེགས་བྱ་ཡུལ་མི་དམངས་མང་ཚོགས་ཡིན་པར་དགོངས་ཏེ་སྤྱི་ཚོགས་ཕན་ནུས་ཕྱོགས་སུ་ལྷུར་བླངས་བྱས་པ་རེ་འགའ་ཡོད་ཀྱང་། དེ་དག་གིས་སྙན་ངག་གི་བརྗོད་བྱ་དེ་འཚོ་བ་དངོས་དང་བཏུད་པ་ཙམ་མམ། ཡང་ན་སྤྱི་ཚོགས་ཀྱི་སྣང་ཚུལ་ཙམ་བརྗོད་པ་ལས་གཏིང་ཟབ་པ་ཞིག་བྲི་ཐུབ་ཀྱི་མེད་པའི་ཚོད་རེད། ཡིན་ཡང་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་འོག་འཚར་ལོངས་བྱུང་བའི་སྙན་ངག་པ་རྩིང་བ་དཀོན་བྷེའི་སྙན་ངག་གི་བརྗོད་བྱ་ནི་ནང་བསྟན་གྱི་ལྟ་བའི་ཤེད་ཆེ་ལ། ཁོང་གི་མི་ཚེ་ལྟ་ཚུལ། རིན་ཐང་ལྟ་ཚུལ། མཛེས་དཔྱོད་ལྟ་ཚུལ་སོགས་ཀྱང་བོད་བརྒྱུད་ནང་བསྟན་གྱིས་སྣུམ་གྱིས་གོས་ཟིན་པ་ལྟར་བྱས་འདུག་སྙམ།
    མདོར་ན། ཁོང་གིས་འཆར་ཡན་དང་མྱོང་བ་སོགས་ལ་བརྟེན་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་བའི་ལྟ་དགོངས་དེ་སྙན་ངག་གི་ཁམས་ལ་དྲངས་ཏེ་ཀློག་མཁན་གྱི་སྤྱན་ལམ་དུ་བསྟར་བ་མ་ཟད། ཕ་ས་ཕ་ཡུལ་དང་ཡུལ་མི་སྤུན་ཟླ། གྲོགས་དང་ན་ཟླ། སྦྲ་གུར་དང་ལུག་ཁྱུ། རྩྭ་ཐང་དང་སྤྲིན་དཀར། རྒོད་པོ་དང་ཉི་མ་སོགས་ཕྱི་རོལ་གྱི་རང་བྱུང་ཁམས་ཀྱི་མཛེས་སྡུག་དང་ནང་བཅུད་ཀྱི་སེམས་ཅན་དག་གི་བཀའ་དྲིན་དེ་སྙན་འཇེབས་ཚིག་གི་སྦྱོར་བ་དང་ཕུན་སུམ་ཚོགས་པའི་ཀུན་རྟོག་ལ་བརྟེན་ཏེ་ང་ཚོའི་མཐོང་ལམ་དུ་རི་མོ་ལྟར་བལྟ་རྒྱུ་དང་རོལ་དབྱངས་བཞིན་མཉན་རྒྱུ། བུ་རམ་ལྟར་མྱང་རྒྱུ་ཡོད་པ་ཞིག་བྲིས་ཡོད། ཁོང་གི་སྙན་ངག་དག་བཀླགས་པའི་ཤུགས་ནས་ང་ཚོས་ཁོང་གི་སྙན་ངག་གི་ལྟ་དགོངས་ཀྱང་ཤེས་ཐུབ་སྟེ། ཁོང་གི་སྙན་ངག་གི་ལྟ་དགོངས་ནི་སྙན་ངག་པ་མདོ་སྨད་ཧེ་རུ་ཀ་ལགས་ཀྱིས་བརྗོད་པའི“སྙན་ངག་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་བཏབ་པའི་རྟེན་འབྲེལ་དེ་ཡིན”ཞེས་པ་དང་ཡོངས་སུ་མཐུན། ཁོང་གིས་སྙན་ངག་ནི་འགྲེལ་དུ་མི་རུང་ཟེར་བ་དང་སྙན་ངག་ནི་ཚིག་གི་རོལ་རྩེད་ཙམ་དུ་འདོད་མཁན་དེ་དག་ལ་སྙན་ངག་ནི་ཡི་གེའི་རོལ་རྩེད་དམ་ཚོར་བ་ཟ་ཟི་ཙམ་མིན་པའི་གོ་བརྡ་གསལ་བོ་ཞིག་སྤྲད་ཡོད། ཁ་ཆེ་ཕ་ལུའི་བསླབ་བྱ་ལས་“འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས”ཞེས་པའི་དཔེ་བཞིན། ཁོ་བོས་སྙན་ངག་པ་ཁོང་གི་སྙན་ངག་ལར་འཁྱོག་བཤད་དང་བཤད་ནོར་ཐེབས་ཡོད་པ་གོར་མ་ཆག་པས་སྙན་ངག་པ་ཁོང་ལ་ཡང་དགོངས་འགལ་མེད་པར་ཞུ། སླད་མར་ཁྱེད་ཅག་ཀློག་མཁན་ཚོས་བདག་ལ་དགོངས་འཆར་ཅི་རིགས་སྩོལ་རྒྱུ་བདག་གི་རེ་བ་ལགས།།
    ཟུར་ལྟའི་དཔྱད་གཞི།
    1.  འཚོལ་རྟོག་སྙིང་སྟོབས། བདུད་ལྷ་རྒྱལ་གྱིས་བརྩམས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ 6པར་ཐེངས་དང་པོ་དཔར།P155
    2. སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད།དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་ཟླ་4བར་དཔར། P5
    3. བོད་ཀྱི་དེང་རབས་སྙན་ངག་རིག་པ།ལྕགས་རྡོར་རྒྱལ་གྱིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ 1ཐེངས་དང་པོ་དཔར། P198
    4. མུ་ཏིག་གླིང་གི་དགའ་སྟོན། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་བསྒྲིགས། 2006 ལོའི་ཟླ 6པར་པེ་ཅིན་དུ་ཐེངས་དང་པོ་དཔར། P130
    5. རྩོམ་རིག་ནི་ཅི་ཞིག་ཡིན།ཧྥུའུ་ཏའོ་པིན། པེ་ཅིང་སློབ་ཆེན་དཔེ་སྐྲུན་ཁང་། P155
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།