中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ཆར་ཟིམ་ཁྲོད་ཀྱི་དྲན་སྣང་།
དུས་ཚོད།2020-01-06 08:55:39     རྩོམ་གྱི་ཡོང་ཁུངས། ཀན་ལྷོོའི་གསར་འགྱུར། གངས་མུ་ཏིག [གཙོས]     ཆུང་། | འབྲིང་། | ཆེ།
    ཆར་བ་ཟམ་ཟིམ་གྱི་ཀློང་ན།  མེ་ཏོག་གིས་མགོ་ལྕོག་ལྡེམ།
བྱེའུས་ཚང་མལ་སྙེག  གནག་ཕྱུགས་ཀྱིས་སོ་སྒྲ་འཆའ།
ཕ་གའི་གྲོང་ཚོ་གཉིད་དུ་ཡུར།
མི་རྣམས་ཀྱིས་ཁེར་ལམ་དེད་དེ་ཁྱིམ་ལ་ལོག
ང་ནི་བོར་སྟོར་བྱུང་བའི་ལམ་འགྲོ་བ་ཞིག་ལྟར།
ཆར་ནང་དུ་ཁུ་སིམ་མེར་ལུས།  ཆར་འབབ་མཚམས་ཆད་རྗེས།
ཁ་དོག་སྣ་ལྔ་བཀྲ་བའི་འཇའ་ཚོན་ཞིག་ཤར་བྱུང་།
ངས་འཇའ་ཚོན་གྱི་མཛེས་པ་ཉམས་སུ་མྱོང་བཞིན།
རང་ཉིད་ནི་འཇའ་ཚོན་གྱི་ཆ་ཤས་ཤིག་ཏུ་རྟོག་བཟོ་བྱས།
འཇའ་ཚོན་དེ་བལྟས་བལྟས་རིག་རིག་ལ་ངའི་མཐོང་ལམ་ནས་ཡལ་བས།
ངས་མཛེས་སྡུག་ནི་སྐད་ཅིག་མ་ཞིག་ཡིན་པ་ཚོར།
འཇའ་ཚོན་གྱིས་རྩྭ་ཐང་ལ་མེ་ཏོག་གི་གཙང་བོ་ཞིག་བསྐྱུར་འདུག
ངས་ཆེས་མཛེས་པའི་མེ་ཏོག་དེ་བཏོགས་ནས།
ཚེ་རབས་འདིར་རང་ཉིད་ཆེས་ཐོག་མར་དགའ་མྱོང་བའི་བུ་མོ་དེའི་སྐྲའི་ལན་བུའི་གསེབ་ཏུ་གཟུག་འདོད།
ངས་ཁོ་མོ་དང་ལྷན་དུ་རྫོགས་མཐའ་བྲལ་བའི་ཞོགས་པ་དང་ས་སྲོས་མང་པོ་མཉམ་དུ་སྐྱེལ་འདོད།
དེ་ལྟ་བུའི་སྟོང་འདང་གི་ཁྲོད་ནས།
ངས་རེ་ཞིག་དུས་ཚོད་དང་ངལ་དུབ་བརྗེད།
གློ་རྡེག་ཏུ་ཕ་རིའི་སྤང་གི་སྟེང་ནས།
གཞོན་ནུ་མ་ཞིག་གིས་རྫི་གླུ་བཏང་སྟེ།
ཁོར་ཡུག་གི་ལྷིང་འཇགས་དཀྲོགས།
བག་ཡངས་ཀྱིས་རྒྱུ་བའི་རྟ་ནོར་ལུག་གསུམ།
གདོད་མའི་དབྱངས་རྟ་དེ་ཡིས་བཟི་རུ་བཅུག
མཛོ་མོ་ནག་ཁྲ་མའི་རྐེ་ཡི་དྲིལ་བུས་ཀྱང་།
གཞས་མ་དེའི་གླུ་སྐད་ལ་རམ་འདེགས་བྱེད་ཀྱིན་པ་འདྲ།
སྐད་ཅིག་མར།  ངས་འདས་གྲོངས་སུ་ཕྱིན་ནས་ཡུན་རིང་འགོར་བའི་ཨ་ཕྱི་དྲན་བྱུང་།
ཨ་ཕྱིས་བཤད་པའི་གནའ་གཏམ་དང་གཏམ་རྒྱུད་དྲན་བྱུང་།
ད་ལྟ།  ངའི་རེ་བ་ཆེ་ཤོས་ནི་རང་ཉིད་སྤྲིན་པ་ཞིག་ཏུ་གྱུར་ཏེ་རྒྱང་དུ་བྱེར་རྒྱུ་མིན་པར།
ལ་ཁའི་དར་ལྕོག་བཞིན་ཕ་ཡུལ་ལ་བྱ་ར་བྱ་རྒྱུ་དེའོ།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།