中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ཐོལ་བྱུང་གཉིད་བདེ་མ།
དུས་ཚོད།2020-01-06 08:56:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོོའི་གསར་འགྱུར། ཆོས་འཁོར་ཤཱཀྱ། [རྨ་ཆུ]     ཆུང་། | འབྲིང་། | ཆེ།
 འུར་གྱིས་འཕངས་པའི་རྡོ་བ་ཆུ་བོའི་ནང་དུ་ལྷུང་།།
ལྟོ་དཀར་ཉ་མོས་གཟན་དུ་སྒོམ་བཞིན་རྩོད་ལ་ལྟོས།།
ཤུལ་གྱི་རླབས་རིས་མེ་ཏོག་བཞད་ལྟར་མཛེས་ན་ཡང་།།
དོན་གྱིས་སྟོང་བའི་རང་སེམས་རླབས་ཕྲེང་བཞིན་དུ་འདར།།
 
དྲན་པས་བཞེངས་པའི་སྣ་ལྔའི་འཇའ་ཚོན་གུར་དུ་ཕུབ།།
ལང་ཤོར་བྱིས་པས་འཐོབ་པར་འདོད་དེ་བདའ་བཞིན་རྒྱུགས།།
ཁ་དོག་སྣ་ལྔའི་དབང་གཞུ་མིག་ལ་ཡག་ན་ཡང་།།
གོས་སུ་འདོད་པའི་བྱིས་བློ་ཅན་དག་སྙིང་དུ་སྡུག།
 
ངར་གྱིས་ཐོན་པའི་ཀི་རིང་རི་བོའི་མགུལ་ཏུ་འཁོར།།
བྲག་ཅས་དེད་པའི་བྱ་ཁྱུའི་ཚོགས་ཀུན་ཞོགས་ལ་ལྟོས།།
ཅལ་སྒྲའི་གཏམ་རྒྱུད་ལན་གཅིག་འཁྲབ་པས་སྐྱིད་ན་ཡང་།།
ལྷུན་ཞིང་བརྗིད་པའི་རི་བོ་སྔར་ནས་བརྟན་ཞིང་བརླིང་།།
རྒྱགས་པས་ཁེངས་པའི་སེང་གེའི་འགྱིང་སྟབས་ཀུན་གྱིས་བྱ།།
དབུགས་ཀྱིས་གནང་བའི་གོ་ཐོབ་མགོ་འཕང་སྤྲིན་ལ་བྱིན།།
དུས་ཀྱིས་སྨིན་པའི་ཉི་ཚེ་བདེ་སྐྱིད་གཡང་ལ་སྐུར།།
བཙན་གྱིས་འཁྲབ་པའི་འཚོ་བ་རོལ་སྟངས་ཨ་ཙ་མ།།
 
བསྐལ་བས་སྨིན་པའི་དོན་ལྡན་མི་ཚེའི་འཕྲང་ལམ་ནས།།
བདེ་བར་འཚོ་བའི་བདེ་སྐྱིད་ཟེར་བ་གང་ན་གདའ།།
རིགས་དང་གཉེན་གྱི་ཀུན་མཐུན་སྐྱིད་པའི་དོ་ར་ན།།
འགྲན་དང་རྩོད་མེད་ཡི་རང་བྱ་བ་ཀུན་གྱི་མཆོག།
 
མུན་དང་མཚན་གྱིས་ལྷིང་འཇགས་གནང་པའི་བར་གླགས་ནས།།
བློ་དང་རིག་པའི་གློག་འོད་ཟ་ཟིའི་གུར་ཁྱིམ་ནས།།
སེམས་ཙམ་བརྡར་བའི་ཞུན་ཐིགས་རེ་གཉིས་ཤོག་དཀར་དུ།།
ཆད་མ་ཆད་ཀྱིས་ལྷུང་ཞིང་འཐིམས་པས་གཟིམ་ས་བདེ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།