ཁ་སང ཁྱོད་འདི་ལྟར་ཆས་ནའང་།
ཁྱེད་ཀྱི་མཆོག་གསུམ་ལ་བཅངས་པའི་དད་པ་བརྟན་པོ།
དེ་རིང དབུས་གཙང་ཆོས་ཀྱི་ཆོལ་ཁས།
དམར་བོའི་མེ་རུ་སྒྲོན་ནས།
ཇོ་མདུན་དུ་བཞག་ཡོད།
ཇོ་མདུན་དུ་བཞག་ནས་ཁྱེད་ལ་སྐྱེལ་མ་ཞུས་ཡོད།
ཁ་སང ཁྱོད་འདི་ལྟར་བཞུད་ནའང་།
ཁྱེད་ཀྱི་གངས་རི་ལ་འཛིན་པའི་སེམས་པ་དཀར་བོ།
དེ་རིང མདོ་སྟོད་མི་ཡི་ཆོལ་ཁས།
རྡོ་རྗེའི་རིས་སུ་ཕབ་ནས།
གངས་ཁྲོད་དུ་སྦས་ཡོད།
གངས་ཁྲོད་དུ་སྦས་ནས་ཁྱེད་ལ་སྐྱེལ་མ་ཞུས་ཡོད།
ཁ་སང ཁྱོད་འདི་ལྟར་ཕེབས་ནའང་།
ཁྱེད་ཀྱི་རྩྭ་ཐང་ལ་བཅོལ་བའི་ལྷག་བསམ་དྲོན་མོ།
དེ་རིང མདོ་སྨད་རྟ་ཡི་ཆོལ་ཁས།
སྔོན་མོའི་སྤང་ལ་བཏབ་ནས།
མེ་ཏོག་ཏུ་བསྐྱངས་ཡོད།
མེ་ཏོག་ཏུ་བསྐྱངས་ནས་ཁྱེད་ལ་སྐྱེལ་མ་ཞུས་ཡོད།
ཁྱོད་འདི་ལྟར ང་ཚོ་དང་རིང་དུ་གྱེས་ཏེ།
ཁྱོད་ཀྱིས་དཔྱིད་ཀ་ཁྲིད་སོང་ནའང་།
ཁྱོད་ཀྱི་སྐྱེལ་མ་རུ།
ཁྱེད་ཀྱི་མཚན་སྙན་ཡར་ཀླུང་གཙང་བོར་གཏད་ནས།
བསྐལ་བའི་མཐའ་རུ་བསྐུར་ཡོད།
ཁྱོད་འདི་ལྟར ང་ཚོ་དང་རིང་དུ་གྱེས་ཏེ།
ཁྱོད་ཀྱིས་ང་ཚོའི་དཔྱིད་རླུང་འཁྱེར་སོང་ནའང་།
ཁྱོད་ཀྱི་སྐྱེལ་མ་རུ།
ཁྱེད་ཀྱི་མཚན་སྙན་སྲ་མོའི་བྲག་ལ་བརྐོས་ནས།
བསྐལ་བའི་མཐའ་རུ་བསྲིངས་ཡོད།།
|