中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག དཔྱད་རྩོམ། >
༄༅།། སྙན་ ངག་ གི་ སྲས་ མོ།
དུས་ཚོད།2016-03-10 09:20:35     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ །དུང་རིང་སྙིང་ལྕགས་བཀྲ་ཤིས། རྩོམ་སྒྲིག་པ་གཅོད་པ་སྐྱབས།    ཆུང་། | འབྲིང་། | ཆེ།
               ༡
གྲང་བསིལ་བསིལ་གྱི་དགུན་རླུང་འཁྱག་པོའི་གསེང་རིམ་ནས།
འདས་སོང་གི་གདུང་བ་མ་ལུས།
བདག་གི་གངས་དཀར་སེམས་པའི་དབུ་ཐོག་ཏུ་འཕུར་འོང་བའི་ཁ་བ་བཞིན།
དལ་ཅག་གེར་བབས་ཚེ།
ཕྱི་གསལ་ནང་གསལ་གྱི་མཛའ་བརྩེ་ཞིག་གི་དྲན་པ་བསླངས།
               ༢
སྐྱ་ཟད་སྔོ་སྡུག་གི་དགུན་ཟླ་རིང་མོའི་སྡུག་བསྔལ་འདི་མཐོང་ན།
མེ་ཏོག་གི་ཞིང་ཁམས་དང་འདྲ་བའི་ཁྱོད་ཀྱི་འགྱུར་ཁུགས་སྟོང་ལྡན་གྱི་བརྩེ་བ་དེ་དྲན་ལ།
མཁའ་དབྱིངས་ན་ལྷེམ་ལྷེམ་འགུལ་བའི་འོད་ཟེར་མཐོང་ན།
ཚུལ་མིན་གྱི་ཀུན་སྤྱོད་ལ་རྒྱང་གཟིགས་མཛད་པའི་ལུང་བསྟན་དང་དགའ་འབོད་ནམ་ཡང་བརྗེད་ཐབས་མེད།
               ༣
བརྩེ་བ་འོ་མ་ལས་དཀར་ཞིང་།  ཕྱི་ཐག་དར་སྐུད་ལས་རིང་བའི།
ངའི་དྲན་སྣང་གི་ཟབ་སར་ལྷུང་བའི་སྙན་ངག་གི་སྲས་མོ།
ཁྱོད་དང་འབྲེལ་བའི་ལོ་དང་ཟླ་བ  ཉིན་དང་མཚན་མོ་རེ་རེར།
ཞེན་ཆགས་ཀྱི་དུངས་པ་མ་ལྷོད་པར་ཡིད་ཚིམས་པའི་སྙན་ངག་གི་དབྱངས་རྟ་ངག་ནས་བོར་མ་མྱོང་ལ།
འབྲི་འདོད་པའི་སྨྱུ་གུ་ལག་དང་བྲལ་མ་མྱོང་།
               ༤
གཞན་གྱི་ཁྲེལ་དགོད་དང་འཕྱ་དམོད་ཀྱི་སྟ་གྲིའི་སོ་བར་ན་ལུས་ཀྱང་།
ཁྱོད་ཡོད་པས  ང་ལ་ཞེད་སྣང་གི་ཚོར་བ་སྤུ་ཙམ་ཡང་མེད་ལ།
མགོ་བོ་མཐོ་རུ་བཀྱགས་ཏེ་མདུན་སྐྱོད་ཀྱི་བརྩོན་པ་ཆུ་བོ་བཞིན་ལྡོག་ཏུ་མེད།
ཁྱོད་ཡོད་པས  དཀའ་བ་ཆེ་ཆུང་ཅི་རིགས་ལ་གདོང་ལེན་གྱི་སྙིང་དང་སྤོབས་པ།
ནམ་ཡང་འགྱུར་དུ་མེད་ལ་རྗེས་མར་དེ་བས་ཀྱང་མེད།
བདག་གི་དྲན་སྣང་གི་མཐིལ་ན་དྲག་ཏུ་འཕྱུར་བའི་སྲས་མོ་ལགས།
              ༥
སྙིང་ཉེ་བའི་སྙན་ངག་གི་སྲས་མོ་ཡ།
དད་འདུན་གྱི་མིག་ཟུང་སྒོར་མོ  ཁྱོད་རང་སྨོན་པའི་འབྱེད་འཛུམ་གྱི་བར་ན།
རེ་སྨོན་གྱི་རླུང་རྟར་གཤོག་ཟུང་བྲལ་ཡང་ཁྱོད་ལ་དགའ་འབོད་ཀྱི་དབྱངས་རྟ་སྙན་མོས།
ལྷབ་ལྷུབ་དགུང་ལ་འདྲེན་པའི་སེམས་ཤུགས་འདི།
ཁྱོད་ལ་ཕུལ་བའི་དད་འདུན་གྱི་ལས་རླུང་དཀར་བོ་ཡིན།
                ༦
འཕྲུལ་སྣང་གི་སེམས་ཁམས་ལ་ལམ་སྟོན་གྱི་འོད་སྣང་བསྩོལ་བའི་དུས་གསུམ་གྱི་བདག་མོ།
ཁྱོད་རང་འཚོལ་ཕྱིར།
ཆུ་ཆེན་གྱི་རབ་ཁ་དང་འཇིགས་རྔམ་གྱི་གཡང་གཟར་བརྒྱུད་མྱོང་ལ།
མི་ཚོགས་ཀྱི་རྔམ་ཁ་དང་སྡིག་མཛུབ་ཀྱི་ཚེར་གསེང་ལའང་བརྒྱུད་མྱོང་།
བདག་ལ་སྟོབས་འབྱོར་མངའ་ཐང་སོགས་ཅི་ཡང་དགོས་པ་མི་འདུག
                ༧
བདག་ལ་བརྩེ་བ་དང་དུང་བ་གླན་མཁན་ཁྱོད་རང་གཅིག་པུ་ཡིན་པས།
བདག་ལ་ཞེད་སྣང་དང་ཁེར་རྐྱང་གི་སྡུག་བསྔལ་ཅི་ཡང་མོད་ཀྱང་།
ཁྱོད་ཀྱི་སླད་དུ་འཚོལ་དགོས་ལ་འཚོ་ཡང་དགོས།
བདག་གི་གློ་སྙིང་མཆིན་གསུམ་གྱི་གཞུང་ན་ལྟེམས་མེར་འཁྱིལ་བའི་སྙན་ངག་གི་སྲས་མོ་ཡ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།