中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། ཕྱིར་དྲན་ཡིད་ཀྱི་མེ་ཏོག
དུས་ཚོད།2020-04-22 11:36:42     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། ཆོས་འཁོར་ཤཱཀྱ། [ཀླུ་ཆུ]     ཆུང་། | འབྲིང་། | ཆེ།
དུས་ཀྱི་རླུང་བུ་དལ་བུར་ལྡང་བས་འཛིན་མའི་རང་མདངས་ཀུན་ནས་གསོས།།
ཡིད་ཀྱི་སྦྲང་ཆུང་གར་ལ་རྩེན་པས་རིགས་ཀྱི་བཅུད་ཀྱིས་ཡིད་སེམས་ཁེངས།།
ཚོགས་ཀྱི་མེ་ཏོག་གང་སར་འཛུམ་པས་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག།
སྨོན་པའི་རྨི་ལམ་ཉིན་དཀར་མངོན་པས་སྣང་བའི་སྤྲིན་དཀར་དུམ་བུར་བསྐྱོད།།
 
མཐོན་པོའི་དབྱིངས་ན་རྒོད་པོ་དར་མའི་གཤོག་འགྱུར་སྤུ་གྲིའི་བར་ནས་ཟད།།
དམའ་མོའི་ཆུ་བོར་ལྟོ་དཀར་ཉ་མོ་གཟན་གྱི་ཕྱིར་དུ་ལྕགས་ཀྱུར་ཐེབས།།
རིགས་ལ་འཁྲེང་བའི་འུར་ཟིང་བར་ནས་རྐང་བའི་སྣེ་མོ་རྡོ་ལ་ཐོགས།།
བསམ་ཞིང་དྲན་ན་ཅོལ་ཆུང་སྣང་བ་ལན་རེར་ལོ་ཟླའི་གསེང་ལ་འཐིམས།།
 
དུས་ཀྱིས་བསླངས་པའི་ལྕག་ཚན་ཕྲ་མོས་འདོ་རིག་རྟ་ཕོའི་གོམ་ཁ་སྐུལ།།
རིག་པས་ཕྱུག་པའི་རྩལ་ལྡན་གཞོན་ནུའི་སྣང་བ་རྨིག་པའི་རྡུལ་ལས་མཐོ།
ཡངས་པའི་རྒྱལ་ཁམས་ལག་མཐིལ་རི་མོ་ལས་ཀྱང་གསལ་བའི་དེང་གི་ཆར།།
ཀུན་ཀྱང་གཅིག་རྗེས་གཅིག་གིས་སྙེགས་ནས་རྦ་རླབས་བཞིན་དུ་འཕྱུར་ནས་འོངས།།
 
སུ་དང་གང་ལ་གདེང་ཚོད་མེད་པའི་འགྲན་རྩོད་ཆེན་མོའི་དོ་ར་ན།།
སུ་ལ་གནང་བའི་ལས་དབང་ལྷག་མ་མེད་པས་བརྩོན་པའི་རྔུལ་གྱིས་སྨིན།།
སུ་ལ་མཛའ་བའི་ལམ་བུ་ཉིད་ཀྱི་རྡོག་པས་ལན་གཅིག་མ་མནན་པར།།
གང་འདོད་བདེ་བའི་རང་སྣང་ཞེན་པ་སྨིག་རྒྱུའི་གྲོང་ཁྱེར་ཅི་ལ་མིན།།
 
ནག་ཅིང་སྣུམ་པའི་ཕོ་རོག་སྒྲོ་མདངས་སྐྲ་ལོར་ཁ་བའི་བ་མོས་ཟིན།།
དཀར་ཞིང་འཇམ་པའི་ཡིད་འོང་བཞིན་རས་ཉི་འོད་དབུལ་བའི་པད་འདབ་འདྲ།།
དྲང་ཞིང་དངར་བའི་ཚིགས་དྲུག་ལུས་དེ་ངལ་བའི་ཁུར་གྱིས་མགོ་བོ་དུད།།
ལོ་ཟླས་གཡར་བའི་མི་ཚེའི་བསྐལ་བཟང་རིམ་གྱིས་ཕྱིར་ལ་འཁྱེར་བ་འདྲ།།
 
ལྷོད་ཀྱིས་བསམ་ན་ཕྲ་ལ་འཁྱོག་པའི་ལམ་བུར་བརྩེ་བའི་མེ་ཏོག་བཞད།།
ལྷག་བསམ་གཙང་མའི་བསུང་ངད་འཐུལ་བས་རང་གཞན་ཡིད་སེམས་ཀུན་ནས་འཕྲོག།
ཅི་བདེར་སྤྱོད་པས་ཉེ་རིང་ཀུན་གྱི་བུང་བའི་ཚོགས་ཀུན་ངང་གིས་འཁོར།།
ཚེ་དང་བསོད་ནམས་བཟང་བས་རིན་ཆེན་གསེར་གྱིས་འཇལ་ཡང་དོ་ཟླ་མིན།།
 
ཚེ་རབས་རབས་ཀྱི་ཕྲེང་བའི་སྤྱིན་པས་གནང་བའི་ལུས་རྟེན་རིན་པོ་ཆེ།།
ཚེ་རིང་རིང་བར་འཚོ་བའི་བསྐལ་བཟང་སྨིན་པའི་བདེ་ལྡན་གསོན་ངོགས་སུ།།
ཚེ་འདིར་དོན་ཡོད་སྨིན་པའི་ཤེས་བྱའི་ཆོས་ཉིད་ངོ་བོ་ཉེར་རྟོགས་ནས།།
ཟག་མེད་བདེ་བའི་དབྱིངས་ཀུན་བདེ་བླག་ནམ་ལངས་ཉི་ཤར་ལྟ་བུར་སྨོན།། 
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།