中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། མི་ཚེ་དང་སྙན་ངག
དུས་ཚོད།2020-04-22 11:37:31     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། ཚེ་རིང་ལྷ་འཚོ། [སི་ཁྲོན]     ཆུང་། | འབྲིང་། | ཆེ།
   མི་ཚེ་ནི་ཐུང་ལ་རིང་བའི་སྙན་ངག་ཕྲ་མོ་ཞིག་ཡིན་ལ།
གྱེས་བྲལ་ཁྲོད་ཀྱི་སྙན་ངག་མཚར་པོ་ཞིག་ཀྱང་ཡིན།
འཚོ་བ་ནི་ལེགས་ལ་ཉེས་པའི་སྙན་ངག་ཁྲ་ཁྲ་ཞིག་ཡིན་ལ།
དགའ་སྐྱོ་ཁྲོད་ཀྱི་སྙན་ངག་སྐྱུར་མོ་ཞིག་ཀྱང་ཡིན།
ལང་ཚོ་ནི་ཐོབ་ལ་ཤོར་བའི་སྙན་ངག་ལྕི་མོ་ཞིག་ཡིན་ལ།
བདེན་རྫུན་ཁྲོད་ཀྱི་སྙན་ངག་རབ་རིབ་ཞིག་ཀྱང་ཡིན།
 
འཇིག་རྟེན་འདིར།
སྙན་ངག་ནི་ཅི་ཞིག་ཡིན།
དབྱར་ཀའི་མེ་ཏོག་གི་ཟེའུ་འབྲུ་མངར་མོ་དེ་སྙན་ངག་ཨེ་ཡིན།
དགུན་ཁའི་ཁ་བ་ཡི་འདབ་མ་ཆུང་ཆུང་དེ་སྙན་ངག་ཨེ་ཡིན།
ན་གཞོན་ཕོ་མོ་ཡི་སྙིང་གཏམ་དྭངས་མ་དེ་སྙན་ངག་ཨེ་ཡིན།
གྱེས་བྲལ་འཐམ་འཁྱུད་ཀྱི་བརྩེ་བ་དམ་པོ་དེ་སྙན་ངག་ཨེ་ཡིན།
ལོས་ཡིན།   ལོས་ཡིན།
སྙན་ངག་ནི་སེམས་ཁོང་ན་འཁྱིལ་བའི་མཛེས་སྡུག་གི་བདེ་སྐྱིད་དེ་ལོས་ཡིན།
བཞིན་རས་ན་བཀྲ་བའི་འཛུམ་མདངས་ཀྱི་མེ་ཏོག་དེ་ལོས་ཡིན།
གཞོན་ནུ་ཕོ་མོ་ཚོའི་བརྩེ་དུང་གི་འོ་ཁ་དེ་ལོས་ཡིན།
ཁྲེལ་མེད་སྐྱེས་བུ་ཡི་བསླུ་བྲིད་ཀྱི་ཟུར་མིག་དེ་ལོས་ཡིན།
 
ན་གཞོན་ཚོ།  ལོ་འདི་དག་ལ།
ཤེས་རབ་ཅན་གྱིས་སྙན་ངག་གྲོགས་སུ་སྦྲན།
བརྩོན་འགྲུས་ཅན་གྱིས་སྙན་ངག་བག་མར་བསུས།
རྒྱུན་འཁྱོངས་ཅན་གྱིས་སྙན་ངག་མགྲོན་དུ་བཀུག
ད་ལྟ  སྙན་ངག་ལྷ་མོ་གང་ན་བཞུགས།
ང་ཚོས།  བང་མཛོད་ཡངས་པོར་འབྲུ་རིགས་སྣ་ལྔའི་མཆོད་པ་བཤམས།
སྦྲ་ནག་དབུས་སུ་མར་དང་ཕྱུར་བའི་རྩིག་པ་བརྩིགས།
ཕུ་ནུ་མིང་སྲིང་མཛའ་མཐུན་དབྱངས་ཀྱི་རེ་སྨོན་བཅངས།
གྲོང་རོགས་ཁྱིམ་མཚེས་ལྷན་འཛོམས་དབུས་ཀྱི་དགོད་སྒྲ་སློང་།
ལོ་ཆུང་བྱིས་པའི་རེ་སྨོན་ཁྲོད་ཀྱི་འཇིག་རྟེན་དེ་ནས་སྙན་ངག་འཚོལ།
ལོ་ལོན་རྒན་པའི་མི་ཚེའི་མཇུག་གི་སྡོམ་ཚིག་དེ་ནས་སྙན་ངག་འཚོལ།
ད་དུང་།  ཁ་བའི་ལྗོངས་ཀྱི་ཆགས་འཇིག་ཁྲོད་ནས་སྙན་ངག་འཚོལ།
ཀ་ཁའི་དབྱངས་ཀྱི་ལོ་རྒྱུས་ཁྲོད་ནས་སྙན་ངག་འཚོལ།
ཕ་སྐད་མ་ཡིག་འཕེལ་འགྲིབ་ཁྲོད་ནས་སྙན་ངག་འཚོལ།
ང་དང་ཁྱོད་ཀྱི་འགྲུལ་བཞུད་ཁྲོད་ནས་སྙན་ངག་འཚོལ།
 
ང་ལ་མཚོན་ན།
སྙན་ངག་ནི་གཉའ་ཁྲི་བཙན་པོས་གནམ་ལ་ཀེར་བའི་མཛུབ་མོ་དེ་ཡིན་ལ།
ཟོ་དང་ཞིང་གི་ཨ་འབྲུ་ནས་ཀྱི་སྙེ་མ་དེ་ཡིན།
པོ་ཏ་ལ་ཡི་བྱིན་རླབས་འོད་ཀྱི་ཟེགས་མ་དེ་ཡིན་ལ།
མགོ་ནག་བོད་མིའི་ཤ་དང་རུས་པའི་དད་འདུན་དེ་ཡིན།
སློབ་རའི་དབྱིངས་ཀྱི་དཔེ་ཆ་ཀློག་པའི་སྒྲ་དབྱངས་དེ་ཡིན་ལ།
སློབ་དཔོན་དམ་པའི་ཕ་སྐད་གཙང་མའི་སློབ་ཁྲིད་དེ་ཡིན།
 
སྙན་ངག་འབྲི་བཞིན་འབྲི་བཞིན།
འཇིག་རྟེན་གྱི་མཚར་སྡུག་ཡོད་ཚད་ངའི་རུམ་ཁ་ན་འཁྱིལ་བར་སྣང་ལ།
དུས་རབས་ཀྱི་མཛའ་གཞས་ཡོད་ཚད་ངའི་མིག་ཀོང་ན་བཞད་པར་སྣང་།
སྙན་ངག་འབྲི་བཞིན་འབྲི་བཞིན།
རྣམ་དཔྱོད་ཀྱི་མཐུ་སྟོབས་ཡོད་ཚད་ངའི་སེམས་ཁོང་ན་དབང་བར་འདོད་ལ།
དུག་ལྔ་ཡི་སྒྱུ་འཕྲུལ་ཡོད་ཚད་ངའི་སྙིང་ཁ་ནས་བོར་འདུག་སྙམ།
ད་དུང་།  སྙན་ངག་འབྲི་བཞིན་འབྲི་བཞིན་གངས་ལྗོངས་མཛེས་ཤིང་སྡུག་ལ།
སྙན་ངག་འབྲི་བཞིན་འབྲི་བཞིན་སེམས་པ་དགའ་ཞིང་སྐྱིད།
 
དུས་དེ་ནས་བཟུང་།
སྙན་ངག་ལྷ་མོས།
ངའི་ཉིན་མོའི་དྲན་པ་འཕྲོག 
མཚན་མོའི་རྨི་ལམ་བརྐུས།
སེམས་ཀྱི་སྤོབས་པ་སློང་།
རྣམ་དཔྱོད་བློ་གྲོས་བསྩལ་བས།
འཇིག་རྟེན་རྟག་པ་མིན་པ་ཞེ་ནས་རྟོགས།
བརྩེ་དུང་ཐེར་ཟུག་མིན་པ་ཡིད་ན་གསལ།
བདེ་སྡུག་ངེས་པ་མེད་པ་སེམས་སུ་ཡོད།
སྐྱེ་འགག་ཆོས་ཉིད་ཡིན་པ་བློ་རུ་ངེས།
ད་དུང་།  འཁོར་བ་སྒྱུ་མའི་ཕོ་བྲང་སྐྱིད་ལ་སྡུག
ལོངས་སྤྱོད་རྩྭ་འགོའི་ཟིལ་བ་བདེན་ལ་རྫུན།
མཛའ་གྲོགས་གར་མའི་ཞལ་རས་ངུ་ལ་དགོད།
ཕུགས་བསམ་དར་ཐག་དཀར་པོ་རིང་ལ་ཐུང་།
 
གང་ལྟར།  རི་ཀླུང་མུན་པས་གཏིམས་ཀྱང་།
རྒྱ་གྲོང་ཁྲམ་གྱིས་བསླུས་ཀྱང་།
ཁོར་ཡུག་ཉེས་པས་བརྫད་ཀྱང་།
ལས་འབྲས་དཀར་ནག་བརྗེས་ཀྱང་།
ངས་རང་ཉིད་ལ་སྙན་ངག་ལྟ་བུའི་འཚོ་བ་རེ་སྒྲུག་བཞིན།
སྙན་ངག་ལྟ་བུའི་ལང་ཚོ་རེ་ངོམ་སྟེ།
སྙན་ངག་ལྟ་བུའི་མི་ཚེ་རེ་བསུ་བའི་སྟ་གོན་བྱེད་བཞིན་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།