中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སྙིང་གི་ལྷ་མོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བའི་སྙན་ཚིག་སྤྲིན་གྱི་སྒྲ་དབྱངས།
དུས་ཚོད།2020-09-22 10:19:56     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། སྒང་ལམ་པ། [ལན་གྲུ]     ཆུང་། | འབྲིང་། | ཆེ།
   མཁའ་ཁྱབ་འགྲོ་བའི་མིག་ལྟར་མཛེས་པའི་སྙིང་གི་མ།།
ཡེ་ཤེས་མེ་ལོང་རབ་ཏུ་དྭངས་པའི་གདན་སྟེང་ནས།།
མཚོ་དབུས་དུང་ཟླ་རྣམ་པར་རྒྱལ་བའི་ལྷ་སྲས་མ།།
འཇིག་རྟེན་རྒྱན་དུ་རྣམ་པར་མཛངས་པའི་ལྷ་མོར་གསོལ།།
 
དུས་རབས་བརྒྱད་པའི་བྱ་ལོ་སྤྲེལ་ཟླའི་སྐལ་བཟང་ལ།།
གཡུ་འབྲུག་ངར་སྐད་མེ་ཏོག་ཆར་གྱི་འདབ་སྟོང་འཛུམ།།
གཡུ་མཚོ་རྒྱས་ཤིང་འཇའ་ཚོན་འོད་ཀྱི་བཀྲག་མདངས་ཁྲོད།།
མཁའ་མཉམ་ལྷ་མོ་སྲིད་གསུམ་འཛིན་མའི་རྒྱན་དུ་བལྟམས།།
 
ཤེས་རབ་ཀུན་ཕྱུག་དཔལ་གྱི་མངའ་བདག་རྣལ་འབྱོར་མ།།
འགྲོ་ཀུན་སྤྱན་སྔར་རབ་ཏུ་སྡུག་པའི་འཇིག་རྟེན་མ།།
གངས་ལྗོངས་འདུལ་བྱ་ལྷུམས་སུ་སྐྱོང་བའི་ཞལ་མཛེས་མ།།
སྒྲགས་ཡུལ་མཁར་ལ་ཐུགས་རྗེ་འོད་གསལ་སྩོལ་བའི་མ།།
 
མཁྱེན་བརྩེ་འོ་མཚོ་དགུང་དུ་འཕྱུར་བའི་རྩལ་དྲུག་འཛོམས།།
མདངས་ལྡན་འཇའ་རིས་སྐུ་ལ་བསྣམས་པའི་ནུས་མཐུ་འཛོམས།།
འདབ་དྲུག་མེ་ཏོག་རྒྱན་དུ་སྤུད་པའི་འཆོར་གོས་སོགས།།
སྲིད་པའི་ལོངས་སྤྱོད་མ་ལུས་འཛོམས་པའི་དབྱངས་ཅན་ལྷ།།
 
རིག་བྱེད་རྒྱལ་མོ་རྗེ་འབངས་ཉེར་ལྔའི་གྲལ་དུ་བཞུགས།།
ཞབས་ཟུང་པད་མོ་སྒྲགས་ཡུལ་ཕྱོགས་སུ་ལྷུག་པོར་གྲོལ།།
མཚན་ལྡན་གུ་རུའི་གསང་བའི་ཡུམ་དུ་ལས་ཀྱིས་བསྐོས།།
རྡོ་རྗེ་ཕུར་བའི་ལྷ་ཚོགས་ཞལ་གྱི་དཀྱིལ་འཁོར་གཟིགས།།
 
རྫོགས་ཆེན་མཁའ་འགྲོ་མཐའ་ཡས་ཆོས་ཀུན་ཐོས་བསམ་སྒྲུབ།།
མཁར་ཆེན་རུས་ནས་གྲུབ་པའི་གོ་འཕང་མྱུར་དུ་ཐོབ།།
བསྐལ་བ་གྲངས་མེད་གཏེར་གྱི་རྟེན་རྣམས་སྲིད་དུ་སྟོན།།
གཏེར་སྟོན་མཁའ་འགྲོ་གངས་ཅན་གྲུབ་ཐོབ་ཐོག་མར་གསོལ།།
 
ཐེག་པའི་དོན་ཀུན་སྡེ་སྣོད་གསུམ་སོགས་ཐོགས་མེད་སྦྱངས།།
མཚོ་བྱུང་ལྷ་མོའི་གཏན་གྱི་གཟུངས་མཆོག་མི་ལུས་ཐོབ།།
ཆོས་མིན་མངོན་ཤེས་རྫུ་འཕྲུལ་མཐུ་ཡིས་ཤན་འབྱེད་པ།།
ཀློང་བརྡོལ་རིག་པའི་སྙན་འཇེབས་གད་རྒྱངས་སྲིད་དུ་སྒྲོག།
 
མཁའ་སྤྱོད་དག་ཞིང་མྱུར་དུ་འགོད་པའི་དུས་གསུམ་ལྷ།།
ཚེ་རབས་ཀུན་ཏུ་ཐུགས་རྗེས་གཟིགས་པའི་ཡུམ་ཆེན་ལྷ།།
བྱིན་རླབས་སྦྲང་ཆར་ས་སྟེང་འགྲོ་བའི་སྙིང་གར་འཇོ།།
མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ་བར་གསོལ།།
 
འཁོར་བའི་མཚོ་ལས་རྣམ་པར་འཕགས་པའི་གསང་ཡུམ་ཁྱེད།།
དགེ་ལེགས་རབ་རྒྱས་མི་འཇིག་གཏེར་གྱི་བདག་མོ་ཁྱེད།།
བཤད་སྒྲུབ་རྒྱལ་བསྟན་ཕྱོགས་བཅུར་སྤེལ་བའི་གཟུགས་མཛེས་ཁྱེད།།
ཉིན་བྱེད་འབུམ་གྱི་གཟི་དཔལ་ལས་འཕགས་མཁའ་འགྲོ་ཁྱེད།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།