中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། རྟོག་བཏགས་ཀྱི་ཐ་སྙད།
དུས་ཚོད།2020-09-22 10:22:23     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། དབུ་འཇིགས་མེད། [མཚོ་སྔོན]     ཆུང་། | འབྲིང་། | ཆེ།
 སེམས་འདི་རླུང་གིས་བསྐྱོད་པའི་དར་ཆ་བཞིན།།
འཁྲུལ་སྣང་ནམ་མཁའི་དབྱིངས་ཀྱི་འཇའ་ཚོན་འདྲ།།
སྙིང་ལ་གཟན་པའི་ཚོར་བའི་རླབས་ཕྲེང་འདི།།
སྨྱུ་གུའི་རྩེ་ལས་ས་ཆེན་དཀྱིལ་དུ་ལྷུང་།།
 
མི་སེམས་གཉོམ་པོ་དགའ་སྐྱོའི་ཉིན་སྲིབ་འདྲ།།
སྐྱིད་སྡུག་མ་ངེས་གྲང་ངར་རླུང་དང་འདྲ།།
ཁ་ཆར་བུ་ཡུག་གདུག་རྩུབ་བཞིན་དུ་སླེབས།།
མི་ཡུལ་འདི་ཡི་ལྷིང་འཇགས་སྤྲུགས་དོན་ཅི།།
 
བརྩེ་འདང་ཟབ་མོ་ཟེར་བའི་རྨི་ལམ་ཞིག།
ལས་ཉོན་འཁོར་རྒྱུ་ཟེར་བའི་བདེན་པ་ཞིག།
རྣམ་རྟོག་ཕྲ་མོ་ཟེར་བའི་སྐྱོ་སྣང་འདི།།
མདང་གི་རྨི་ལམ་ཙམ་གྱིས་གྲུབ་མ་སོང་།།
 
བདེན་པའི་དད་ཡུལ་སྐྱབས་གནས་གསུམ་པོ་ལ།།
འདི་ཕྱི་གཉིས་ཀྱིས་འདུན་མ་གཏད་ནས་ཡོང་།།
སྔོན་ལས་ཁྲེལ་གཞུང་ལྡན་པའི་ལན་བུ་ལ།།
དམ་ཚིག་གཙང་མའི་ཆུ་བོ་སེམས་སུ་འཁྱིལ།།
 
སྙིང་གི་སྨིན་དྲུག་ཕྲ་མོའི་སྤྲིངས་ཡིག་ཅིག།
སེམས་པའི་སྒྲོམ་དུ་བཅུག་ནས་བསྡད་ན་ཡང་།།
འཇིག་རྟེན་ཁྲ་ཁྲས་མི་སེམས་སྒུལ་ཡོང་ན། །
ད་དུང་བརྟན་པོར་གནས་པ་གྲིབ་གཟུགས་འདྲ།།
 
དུངས་སེམས་རླུང་བུ་ལྡང་ནས་མཁའ་རུ་འཕྱོ།།
དྲན་པའི་སྤྲིན་དཀར་འདབ་མ་གཡས་སུ་འཁྱིལ།།
ཐུག་འཕྲད་སྐལ་བ་བཙལ་ནས་ཨ་ཐང་ཆད།།
ཨ་སྔོན་དབྱིངས་ལ་བལྟས་ཀྱིན་མིག་ཆུ་མིད།།
 
ཚོར་བ་གཙང་བོར་བསྲེས་ནས་རྒྱང་དུ་བསྲིངས།།
ལོ་དང་ཟླ་བར་འགྲོགས་ནས་རྟ་མགུར་བླངས།།
ལས་སྨོན་སྨྱུག་རྩེར་བཏབ་པའི་ཁ་བཏགས་ཤིག།
མདང་གི་རྨི་ལམ་ནང་ནས་འཐེན་པ་དྲན།།
 
ཞེ་བློ་སྤྲིན་པར་འདྲེས་ནས་ཡིབ་སོང་ན།།
ལུག་ཁྱུ་རྗེས་སུ་ལྷག་པའི་སེམས་ཚོར་ཡོད།།
ཉི་ཟླས་བསྐོར་བ་བརྒྱབས་ནས་བུད་སོང་ན།།
ཨ་ཇོའི་སེམས་རྟེན་ལྷག་ཏུ་དྲན་པར་མཛོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།