中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། བརྩེ་བའི་ཡུམ་ཆེན་སྤེན་དཀར་ཐང་ནས་དྲན།
དུས་ཚོད།2020-09-22 10:24:02     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། རླུང་བཞོན། [མཚོ་སྔོན]     ཆུང་། | འབྲིང་། | ཆེ།
   ཆུ་མོས་ལྷོ་ལམ་གཅོད་པའི་ཤར་གྲོང་གི།
ཤིང་ལོ་རླུང་གིས་དེད་པའི་སྟོན་མཇུག་ཏུ།།
ལམ་བུ་རྒྱང་ལ་བསྲིངས་པའི་ཁུགས་སོ་ནས།།
ཁྱེད་ཀྱི་ལྷག་བསམ་དྲན་ནོ་བརྩེ་བའི་ཡུམ།།
 
སྐྱོ་བ་རི་ལ་འཐིབས་པའི་རྫ་སྒང་གི།
སུན་སྣང་གཞུང་ལ་ལྷུང་བའི་ས་སྲོད་དུ།།
དྲན་པས་ཞིང་ཚིགས་ཉུལ་བའི་རབ་ཁ་ནས།།
ཁྱེད་ཀྱི་བྱམས་བརྩེ་དྲན་ནོ་ཨ་མ་ལགས།།
སེམས་པ་དུས་ཀྱིས་ཁྱེར་བའི་གཙང་འགྲམ་གྱི།།
སྨྲེང་བ་གྲམ་པར་འདྲེས་པའི་ལམ་ཟུར་དུ།།
མགྲིན་པའི་དབྱངས་རྟ་འཚོལ་བའི་རི་ཞོལ་ནས།།
ཁྱེད་ཀྱི་འཛུམ་མདངས་དྲན་ནོ་ཡུམ་ཆེན་ལགས།།
 
དབྱར་ཟླས་གྱེས་ཚིག་ཕུལ་བའི་ལོ་སྨད་ཀྱི།།
བསིལ་རླུང་འཇག་མར་འཐབ་པའི་གཡུལ་ས་རུ།།
དུངས་པ་ཡུལ་ལ་ཕྱོགས་པའི་ལམ་སྣེ་ནས།།
ཁྱེད་ཀྱི་གཤིས་རྒྱུད་དྲན་ནོ་མ་ལོ་ལགས།།
ལྗོན་པས་ཉི་ཟེར་འཕྲོག་པའི་གྲིབ་འོག་གི།
རེ་བས་ས་ཆེན་འགྲིམ་པའི་གྱང་ཧྲལ་དུ།།
སྣང་བ་སྨག་ལ་འགྲོགས་པའི་མཚན་མོ་དེར།།
ཁྱེད་ཀྱི་སྐུ་དྲིན་དྲན་ནོ་ཨ་མ་ལགས།།
 
བརྩེ་བའི་ཡུམ་ཆེན་སྐུ་ལུས་བདེ་ཐང་ཤོག།
དྲན་པའི་མ་ལོ་ཚེ་ཐག་རིང་བར་སྨོན།།
ནད་མེད་འཚོ་བའི་རེ་བ་ལྷུན་འགྲུབ་ནས།།
ཚེ་མཇུག་བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།