中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སྙིང་གི་འདར་ཁྲིལ།
དུས་ཚོད།2020-10-14 15:16:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། རྩོམ་པ་པོ། རོ་ནག་པོ། [སི་ཁྲོན]    ཆུང་། | འབྲིང་། | ཆེ།

ཁྱིམ་གྱི་དགའ་ཚལ་ལ་ལང་ཚོའི་ས་བོན་བཏབ་པ་ནས།
ཁྱོད་ནི  འདབ་མ་ཡངས་ལྡན་གྱི་མེ་ཏོག་ཅིག་ལྟར།
འཛུམ་ཆུང་ལྷུག་ལྷུག  དགའ་བཞིན་དགའ་བཞིན།
ཚེ་གང་བོར་གེགས་དང་བར་ཆད་ཅིའང་མེད་ན་ཅི་མ་རུང་།

འཁོར་བའི་ལྕགས་སོ་ཡི་སྒུལ་ཤུགས་ཀྱིས།
ངའང   ཕ་གོ་རྟོགས་ཅན་ཞིག་གི་ཚུལ་གྱིས།
འཁོར་བའི་དར་རྒུད་ཀྱི་གས་ཆག་སྒྲུག་ཞོར།
ཁྱོད་ཀྱི་བདེ་སྡུག་ཡོད་ཚད་ཕྲག་ཏུ་འཁུར་དགོས་ཡོད།

ངའི་ཨུ་ཚུགས་ལྟ་བུའི་སྤོབས་པ་དང་ཧུར་བརྩོན།
ངའི་གདུག་རྩུབ་ལྟ་བུའི་བཟོད་སྲན་དང་སྙིང་རུས།
དུས་ཚིགས་ལ་སེམས་ངོ་གཏིང་ནས་གཏད་དོན།
ནམ་མཁའ་འདྲ་བའི་ཁྱིམ་ཚང་འདི  ཁྱོད་ལ།
ཇི་བཞིན་དུ་སྤྲད་དགོས་པའི་རྒྱུ་མཚན་ལོས་ཡིན།
ཤར་རིའི་ཕྲག་གདང་ལ་ཁེན་པའི་ཉི་གཞོན་ཇི་བཞིན།
ངོམ་པར་སྤྲོ་བའི་རྒྱ་ལྕང་གི་མཛེས་སྡུག་ཇི་བཞིན།
བཀྲ་ཤིས་ཆོས་མཚོ  གོམ་ཁ་ག་ལེར་སླེབས་དང་།
ལོ་ཟླ་ནི་རལ་ཏུ་མེད་པའི་ནར་སོན་གྱི་བཤུལ་ལམ་ཡིན།

ཡང་འཁོར་བསྐྱར་འཁོར་གྱི་མི་ཚེ་འདི  སུ་ཞིག་གིས།
མཇུག་བསྡུ་མ་ནུས་པའི་ལྷག་ལུས་ཡིན་སྲིད་ཀྱང་།
ཁེར་རྐྱང་དང་སུན་སྣང་གིས།
སྡུག་བསྔལ་དང་མིག་ཆུ་ཤམ་ཤམ  ང་ལ།
འཁོར་བའི་ངལ་རྩོལ་མ་ལུས་སེམས་བྱང་ལག་བྱང་དུ་སོང་ཡོད།

བཀྲ་ཤིས་ཆོས་མཚོ  རྟག་པར།
དགའ་དགའ་སྤྲོ་སྤྲོ་གྱིས།
ངའི་རྨི་ལམ་གྱི་ཕ་མཐའ  གཞལ་དུ་མེད་པའི།
ཁྱོད་གཅིག་པུའི་རང་དབང་གི་ནམ་མཁའ་མིན་ན་ཅི་ཡིན།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།