༄༅།། རེ་སྒུག་ཁྲོད་ཀྱི་ལྷན་འཛོམས། - སྙན་ངག - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། རེ་སྒུག་ཁྲོད་ཀྱི་ལྷན་འཛོམས།
དུས་ཚོད།2020-11-18 15:56:54     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར། ཕྱག་རྡོར་ཚེ་རིང་། [གཙོས]    ཆུང་། | འབྲིང་། | ཆེ།

བསླབ་གསུམ་རྒྱུད་བཞིའི་དཀྱིལ་འཁོར་ཡོངས་རྫོགས་པའི།།
བཤད་སྒྲུབ་སྣང་བའི་ཉིན་བྱེད་འབུམ་ཕྲག་གི།
ལུང་རྟོགས་གསེར་གྱི་དོ་ཤལ་འཛུམ་པའི་ཟེར།།
སྐྱེ་དགུའི་བསོན་ནམས་མཐོངས་སུ་འཕྲོས་པ་དང་།།
རྨོངས་མུན་སྒྲིབ་པ་ཀུན་ནས་གསལ་བྱེད་ཅིང་།།
ལྷར་བཅས་འཇིག་རྟེན་ཀུན་གྱིས་མཆོད་འོས་པ།།
སྲིད་ཞིར་དགེ་ལེགས་འདྲེན་པའི་དེད་དཔོན་མཆོག།
དཔལ་ལྡན་བླ་མའི་ཞབས་ལ་གུས་པས་འདུད།།
ལྷ་མོའི་ཚོགས་སུ་བཅུ་དྲུག་ལང་ཚོ་ཅན།།
ལྷ་ཆེན་ཚངས་པའི་སྲས་མོ་ཡིད་འཕྲོག་མ།།
ལྷ་རྣམས་ཡིད་ཀྱང་ཆགས་པའི་གར་འཛིན་མ།།
ལྷ་མོ་དབྱངས་ཅན་མ་ཡིས་རྗེས་སུ་ཟུངས།།
གྲོང་ཁྱེར་གཙོས་ནས་དཔག་ཚད་བརྒྱ་ཕྲག་ན།།
འགོ་ནང་ཐང་ཞེས་ཡུལ་སྐོར་གནས་མཆོག་གི།
ངོ་མཚར་རྨད་དུ་བྱུང་བའི་གཏམ་རྒྱུད་ཅན།།
བྱང་གི་ཨ་མ་འབྲུག་མཚོའི་འདབས་རོལ་ཏུ།།
ཚང་ཚིང་གཡུ་ལོ་འཁྲིགས་པའི་ནགས་ཀླུང་དང་།།
འདབ་ཆགས་སྣ་ཚོགས་སྐད་སྙན་འགྱུར་བའི་དབྱངས།།
ཆུ་མོ་ཤང་ཤང་འབབ་པའི་འགྲམ་ངོགས་ཀྱི།།
ཡིད་འོང་ཕྲ་ཚོམ་མེ་ཏོག་བཞད་པ་ཡི།།
དབྱར་ཟླ་དྲུག་པའི་རོང་ཁྱིམ་དགའ་ཚལ་དུ།།
རེ་ཞིང་སྒུག་པའི་སློབ་གྲོགས་ལྷན་འཛོམས་བྱུང་།།
སྐར་ཚོགས་སྤྱན་མིག་གཡོ་བའི་མཁའ་དབྱིངས་སུ།།
དཔའ་རྒོད་གཉིད་དུ་ཡུར་འདྲའི་རི་རྩེ་ནས།།
བརྩེ་ཞེན་ཟེར་བརྒྱ་འཚེར་བའི་ཟླ་འོད་ཁྲོད།།
མི་ལོ་སུམ་བཅུ་ལྷག་གི་དྲན་ཤེས་ཀྱིས།།
ལོ་དང་ཟླ་རུ་བསྙལ་བའི་བདུད་རྩི་འདི།།
ལྷ་དར་བཀྲ་ཤིས་རྟགས་བརྒྱད་སྣང་བརྙན་ཅན།།
རྟེན་བྱས་གུས་པས་མཆོད་ལ་དགྱེས་གྱུར་ཏེ།།
དགེ་སློབ་མཉམ་དུ་འཛོམས་པའི་དགའ་སྟོན་དུ།།
སྤྲོ་བ་འབུམ་གྱིས་ངོམས་མེད་བཞེས་ཤིག་ཨང་།།
གང་ཞིག་ལང་ཚོའི་དཔལ་ཡོན་རབ་རྫོགས་པའི།།
བགྲང་བྱ་སུམ་བཅུ་ལྷག་གི་སྔ་རོལ་ཏུ།།
བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་རུ།།
འཆད་རྩོད་རྩོམ་པའི་དཔལ་ལ་མངའ་བརྙེས་ཤིང་།།
གནས་ལྔ་རིག་པའི་དགོས་འདོད་ནོར་བུ་མཆོག།
འཛད་མེད་ཤེས་བྱའི་དངོས་གྲུབ་སྩོལ་བ་ཡི།།
ལྷག་སེམས་ཅན་གྱི་བཤེས་གཉེན་ཚུལ་བཞིན་བསྟེན།།
རྣམ་གཡེང་ལེ་ལོའི་དབང་དུ་མ་གྱུར་བར།།
འཇིག་རྟེན་རྒུད་མུན་སེལ་བའི་སྒྲོན་མེ་སྟེ།།
རིག་པའི་གནས་ལ་ཐོས་བརྩོན་དཀའ་བ་སྤྱད།།
ཡང་དག་བསླབ་ལམ་མ་ནོར་གསལ་བྱེད་ཀྱི།།
འགྲིག་དང་བཅའ་ཡིག་དཔྲལ་བའི་མིག་བཞིན་སྲུང་།།
ལྷད་མེད་མཛའ་གཅུགས་དམ་པའི་བརྩེ་བ་དང་།།
རྡོག་རྩ་གཅིག་ཏུ་སྒྲིལ་བའི་སྟོབས་ཤུགས་ཀྱིས།།
གྱ་ལྔ་ལོ་ཡི་འཛིན་གྲྭ་དང་པོ་ཞེས།།
སྣ་མང་སྦྱངས་ཚན་སྤྱི་དང་ཁྱར་པར་དུ།།
སྙན་ངག་རོལ་དབྱངས་ལུས་རྩལ་རི་མོ་བཅས།།
ཕུལ་དུ་བྱུང་བའི་གྲུབ་འབྲས་ལེགས་སྨིན་ཞིང་།།
འོད་སྟོང་འབར་བའི་ཕུགས་འདུན་གླེང་བཞིན་དུ།།
དུས་རབས་གསར་བའི་དགོས་མཁོའི་ལས་ལ་ཞུགས།།
ས་འཛིན་གཙུག་རྒྱན་གནམ་གྱི་ཀ་བ་སྟེ།།
འཛེགས་པར་དཀའ་བའི་རྫ་བྲག་གངས་གསུམ་དང་།།
ཤིན་ཏུ་འཇིགས་རུང་འཕྲང་ལམ་དག་བརྒྱུད་ཚེ།།
རྒྱལ་ཁ་ཕམ་ཁ་རེས་སུ་རེག་བཞིན་དུ།།
མི་ཚེ་རིང་མོའི་བགྲོད་ལམ་དུ་བསྐྱོད་དུས།།
རྒྱང་དུ་ཆས་པའི་ལམ་གྱི་སྡོངས་གྲོགས་དང་།།
གམ་དུ་གནས་པའི་རང་གི་སེམས་འཛིན་ནི།།
བརྩེ་སེམས་དངུལ་དཀར་ཨ་ལོང་གིས་སྦྲེལ་བའི།།
ཕུ་ནུ་མིང་སྲིང་ལྟ་བུའི་སློབ་གྲོགས་ཡིན།།
དེང་འདིར་སྤྱི་ཚོགས་ལས་གནས་སོ་སོ་རུ།།
གཞན་དོན་ཁུར་དུ་འཁྱེར་བའི་མཛད་བཟང་གིས།།
སྙན་གྲགས་དབྱར་རྔ་ཕྱོགས་སུ་ལྡིར་བ་ཡི།།
སྙིང་དུ་ཉེ་བའི་བདག་གི་སློབ་གྲོགས་རྣམས།།
སྐུ་ཚེ་རི་རྒྱལ་ལྷུན་པོ་ལྟར་བརྟན་ཅིང་།།
བྱ་གཞག་དབྱར་གྱི་མཚོ་མོ་བཞིན་རྒྱས་པའི།།
བཀྲ་ཤིས་སྨོན་འདུན་ཞུ་མཁན་ཨ་ཁུ་ཚང་།།
ཆོས་སྒོར་མ་ཞུགས་བཙུན་པའི་ཆ་བྱད་ཅན།།
ཕྱག་ན་རྡོ་རྗེས་སྦྱར་བ་དགེ་གྱུར་ཅིག། 
                                                                                         རྩོམ་སྒྲིག་པ། སངས་རྒྱས་སྐྱིད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།