中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། སེམས་ཀྱི་ལྷ་མོ།
དུས་ཚོད།2020-12-23 15:31:55     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། དཀའ་ཐུབ་རྒྱལ། [གཙོས]    ཆུང་། | འབྲིང་། | ཆེ།
༄༅།། སེམས་ཀྱི་ལྷ་མོ།
དཀའ་ཐུབ་རྒྱལ། [གཙོས]
བཅུ་དྲུག་ལང་ཚོ་སྨིན་པའི་སྒེག་ལྡན་གྱི་གཟུགས་འཆོར།།
དཀར་ལ་དམར་བ་མཁུར་ཚོས་ཨུཏྤལ་གྱི་མདངས་ལ།།
ཡིད་འོང་དཔྱིད་ཀྱི་ན་ཆུང་བུ་མོ་ཡི་སྡུག་གུ།།
ལྷ་ལས་མི་ཡུལ་ཕེབས་པའི་གར་མཁན་གྱི་བུ་མོ།།

གནག་སྣུམ་སྐྲ་ལོ་དྲི་བཞོན་བུ་མོ་ཡི་འགྲོས་ལ།།
ཡིད་འོང་ཟུར་མིག་མདའ་མོ་ཀུན་ལ་ནི་རྒོལ་བས།།
བིམ་པའི་མཆུ་སྒྲོས་འཛུམ་པའི་ཟླ་བ་ཡི་གདོང་ལ།།
བདག་བློ་ཡིད་བརྟན་འདྲེན་པའི་ལྕགས་ཀྱུ་དེ་ཁྱེད་ལགས།།

སེམས་ཡོལ་བརྙན་རིས་འཆར་བའི་ཡིད་འོང་གི་ཟླ་གཟུགས།།
སྨིན་ལེགས་གར་སྟབས་སྒེག་མོའི་རྐང་སྟབས་ཀྱི་ཟློས་ལ།།
དབྱངས་ཀྱི་རླབས་རིས་དུངས་པའི་མཁའ་ལ་ནི་འདྲེས་པའི།།
སེམས་ཀྱི་ལྷ་མོ་བདག་སེམས་དལ་དལ་དུ་ཕེབས་ཤིག །

འདོད་པའི་ཡིད་རབ་འཕྲོག་པའི་ཟུང་རྒྱས་ཀྱི་མྱོས་བུམ།།
དུང་མདོག་ཟླ་བའི་རྣ་ལུང་ཁྲ་ཆེམ་མེར་བརྒྱན་ཡོད།།
ལྡེམ་ལྡེམ་འགྲོས་ཀྱི་ལྷ་བྱ་ཁྲུང་ཁྲུང་དུ་བརྫུ་བ།།
བདག་སེམས་སྤྲོ་བའི་སྦྲང་ཆར་ཟིམ་ཟིམ་དུ་བབས་སོང་།།

རོ་བརྒྱའི་བཅུད་བཟང་རྒྱས་པའི་མེ་ཏོག་གི་གེ་སར།།
སྙིང་དབུས་ཕྱེད་ཀ་བརྐུ་བའི་ཚོར་མེད་ཀྱི་རྐུན་པོ།།
ལི་ཤིའི་བསུང་ཞིམ་འཐུལ་བའི་ཡིད་འོང་གི་སྐུ་ལ།།
སེམས་ཀྱི་རྟ་ཕོའི་བང་ཁ་ཁྱེད་ཕྱོགས་སུ་སྒྱུར་ཡོད།།

རྩྭ་འཇམ་གཡུ་ལོ་ན་སྤང་ཁོད་མོ་ཡི་ཚལ་དུ།།
ཞེ་མཐུན་འོ་ཆུ་འདྲེས་པའི་སྙིང་སྡུག་གི་རོགས་ལོ།།
འགོག་མེད་མིག་ཆུ་འཐོར་བའི་བྱང་ཐང་གི་ལོ་ཟླ།།
ཁྱེད་ཀྱི་ཕྱོགས་སུ་བླངས་པའི་འཛའ་གཞས་དེ་ཨེ་ཐོས།།

དགའ་དུས་དུང་མདོག་དངུལ་དཀར་མེ་ལོང་གི་ངོས་ལ།།
སྡུག་དུས་མིག་ཆུ་མི་ཁོགས་སྐྱོ་སྨྲེང་གི་ཚལ་ནས།།
སྐྱོ་བ་ཨ་རག་བཟི་ཁའི་ཆང་ཕོར་དུ་ཕབ་རུང་།།
ཞེན་པའི་མིག་ཟུང་སེམས་ཀྱི་ལྷ་མོ་ལ་བསྙེས་ཡོད།།

ལྟ་བས་མི་ངོམས་ཡིད་འོང་མེ་ཏོག་གི་དོ་ར།།
དྲན་པས་མི་བཟོད་སྨིན་དྲུག་འབྲས་ལྡན་གྱི་ཁམ་བུ།།
ཐོས་པའི་མི་ཚིམ་སྙན་འགྱུར་རྒྱུད་མངས་ཀྱི་སྒྲ་དབྱངས།།
ཨེ་མ་སེམས་ཀྱི་ལྷ་མོ་ལང་ཚོ་ཡི་སྙེམས་ཡོད།།

འདས་དོན་སྒྱུ་མས་བཀོད་པའི་ཞེན་ཆགས་ཀྱི་རི་མོ།།
སྣང་བརྙན་ཡིབ་ཏུ་སྦས་པའི་རྟོག་སྣང་གི་ཁྱེད་ནི།།
བདེ་སྐྱིད་ཞོ་གསར་ཆགས་པའི་དཔྱིད་དཔལ་དེ་ཡིན་ཆོག།
དད་འདུན་གཙང་མ་ཉལ་འགྲོའི་འགྲོས་ལ་ནི་གཤིབ་ཡོད།།

དེ་རིང་དྲན་པའི་རྒོད་པོ་མཁའ་ལ་ནི་འཕུར་བ།།
ཁ་སང་དམ་ཚིག་མདུད་པ་ལྕགས་རི་ལ་བཏབ་པའི།།
ཚེ་འདིར་འགྲོགས་པའི་སྣང་བ་འཇའ་ཚོན་དུ་སྤྲས་ཡོད།།
རེ་བའི་སེམས་ལ་ཕེབས་ཤིག་བདག་སེམས་ཀྱི་ལྷ་མོ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།