༄༅།། རང་བྱུང་སེམས་ཀྱི་རི་མོ།
ཁ་གྱའི་རྡོ་རིང་། [གཙོས]
སེམས་ཀྱི་གསང་བ་སྨྱུ་གུའི་གར་དང་འགྲོགས།།
ཡུལ་གྱི་སྣང་བརྙན་དྲི་བཟའི་དབྱངས་ལ་རོལ།།
སྟོང་ཉིད་བར་དོའི་ཀློང་ནས་འཚོལ་མཁན་ང་།།
སྣང་བ་ཟ་ཟའི་བར་ནས་མི་ཚེ་བསྐྱལ།།
ཁ་ཟས་གོན་པའི་འཚོ་རྟེན་བློས་དོར་ནས།།
འདོད་ཆུང་ཆོག་ཤེས་བརྟེན་ལ་ཡིད་མོས་པའི།།
ལས་འབྲས་དཀར་ནག་ས་བོན་སེམས་ན་སྨིན།།
སྐྱབས་གནས་བསླུ་མེད་འདི་ཕྱིའི་རྟེན་གནས་ཡིན།།
ཕྱུགས་རིགས་དཀར་ནག་རོང་འབྲོག་སྟོད་སྨད་ཀུན།།
རི་ལུང་ཐང་གསུམ་ནགས་ཚལ་ལྗོན་པའི་རིགས།།
གསེར་དངུལ་ཟངས་ལྕགས་གཡུ་བྱུར་སྤོས་ཤེལ་སོགས།།
རིན་ཆེན་གཏེར་གྱི་བང་མཛོད་བོད་པའི་ཡུལ།།
སྐྱེ་དངོས་སྣ་མང་རང་བྱུང་ཁོར་ཡུག་མཛེས།།
རྨ་འབྲི་རྫ་གསུམ་གཙང་ཆུ་བོད་ན་འབབ།།
ཕྱོགས་བཞི་གངས་རི་ར་བས་ཡོངས་བསྐོར་བའི།།
སྲིད་པའི་རྩེ་ན་འགྱིངས་པའི་བོད་ཁམས་སྐྱིད།།
སྤུར་རྒྱལ་གཉའ་ཁྲི་བཙན་པོས་གཙོ་མཛད་པའི།།
ཐོ་ཐོ་གཉན་རིས་བཙན་པོའི་ཆོས་སྒོ་ཕྱེས།།
མཛངས་བློན་དང་པོ་རི་ལས་སྐྱེས་ལ་སོགས།།
སད་མི་མི་བདུན་མཛད་རྗེས་རི་ལས་མཐོ།།
མཁས་མཆོག་ཐོན་མི་རིག་པའི་སྲོལ་འབྱེད་མཁན།།
ཆོས་རྒྱལ་སྲོང་བཙན་བསྟན་པའི་ཉི་མ་ཡིན།།
གནམ་འོག་ཁྲི་བཙན་གླིང་བཞིའི་རྒྱལ་བོ་ཡིན།།
མགར་བློན་སྟོང་བཙན་བཙན་པོའི་ཕོ་ཉ་ཡིན།།
ཕྱི་འབྲེལ་གསེར་གྱི་སྒོ་མོར་མགར་གྱིས་འབྱེད།།
རྟེན་སྐུ་ཇོ་ཤཱག་ཐང་ནས་བོད་ལ་དྲངས།།
བློ་དང་ཐབས་ཀྱིས་ཀོང་ཇོ་བོད་ལ་བསུས།།
བོད་རྒྱ་གཉེན་གྱི་དར་སྐུད་འདི་ནས་སྦྲེལ།།
རྒྱ་མཚོའི་སྟེང་ལ་ལྷ་སའི་ཇོ་ཁང་བཞེངས།།
དམར་པོ་རི་ཡི་རྩེ་ནས་ཕོ་བྲང་བརྩིགས།།
བལ་ཡུལ་བཟོ་རྩལ་རིག་གནས་བོད་ལ་དྲངས།།
སྲིད་འབྱོར་རིག་གསུམ་བྱ་བཞག་ཀུན་ནས་རྒྱས།།
|