中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། གསོན་ལ་བཏབ་པའི་རེ་བ།
དུས་ཚོད།2021-01-08 09:34:47     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། ཞོགས་འུར། [སི་ཁྲོན]    ཆུང་། | འབྲིང་། | ཆེ།
༄༅།། གསོན་ལ་བཏབ་པའི་རེ་བ།
ཞོགས་འུར། [སི་ཁྲོན]
རྣམ་བདེན་རྣམ་རྫུན་དང་རང་རིག་ལྟ་བའི་གཟེབ་ཏུ།།
གྲུབ་མཐའི་སྲབ་སྐྱོག་གི་རྟ་ཁ་འཐེན་འཐེན་གནོངས་དང་།།
དངོས་དང་དངོས་མེད་ཀྱི་རྣམ་གྲོལ་སྙེགས་ཚུལ་འདི་ག།
དྲང་ངེས་དགོངས་འགྲེལ་གྱི་གཞུང་ལ་འཇུག་ཚུལ་ཅིག་སྟེ།།
ཟབ་པའི་ཡང་ཟབ་ཀྱི་དེ་ཉིད་འཚོལ་སྟངས་ཡིན་པ།།
རིག་བྱེད་གཏམ་རྒྱུད་ལས་གཏམ་གྱི་ལྷག་མ་སྤོངས་པའི།།
ཚིག་གི་ཟ་ཟི་དེ་ཚངས་པ་ཚངས་མ་ཡིན་འདྲ།།

རང་རིག་འོད་དཀར་གྱི་ངང་དུ་སིམ་པའི་སྣང་བ།།
དུང་ཞེན་ཟླ་བ་དང་ཟླ་བ་ལྷ་མོར་གསལ་ཏེ།།
སྲོག་གི་ཀ་ཆེན་འདི་བདེན་པ་བདེན་པའི་སླད་དུ།།
འབུལ་བའི་ཆོ་ལོ་དང་ཆོད་སེམས་རྨང་ནས་རྒུད་ཀྱང་།།
དྲི་ཟའི་གྲོང་ཁྱེར་འདྲ་སྒྱུ་མ་རྨི་ལམ་ཡིན་སྐད།།
དེ་བས་བཅོམ་ལྡན་བཞིན་ཐུགས་ཆེན་ངའང་མིན་པས།།
ཤིན་ཏུ་མྱ་ངན་གྱིས་འགྲོ་དྲུག་འདྲེན་ཚུལ་མི་གླེང་།།

ཞི་བའི་ཚུལ་ལུགས་ཀྱིས་མཐའ་བཞི་སྐོར་ཚུལ་ཅི་ཆ།།
ཆེན་པོ་བདུན་ལྡན་གྱི་ཐེག་ཆེན་ལྟ་བ་མི་མཁྱེན།།
གཞི་ལ་གཞི་སྣང་གི་གསང་ཆེན་དེ་བས་མི་ཤེས།།
ཅིས་ཀྱང་ཐར་འདོད་ཀྱི་རེ་བ་བདེ་ལྡན་དག་ཞིང་།།
དངོས་སྟོབས་འཐད་བདེན་གྱིས་བསྒྲུབས་ནས་གྲུབ་ཀྱང་འོས་མེད།།
ཐ་སྙད་དོན་དམ་གྱི་ཤན་འབྱེད་མེད་ཀྱང་ཆོག་ལ།།
བདེན་པའི་བདེན་ཁ་ཞིག་ཤིང་རྟའི་སྲོལ་གྱིས་ཕྱེ་ཡོད།།

ཤིན་ཏུ་བདག་མེད་ཀྱི་དོན་གང་དབུ་མ་ཆེན་པོ།།
རབ་འབྱོར་ཏིང་འཛིན་གྱི་ཕུན་ཚོགས་མེད་ཀྱང་བླ་སྟེ།།
དད་པའི་སྒྲོན་མེ་འདིའི་འོད་ཕུང་མ་གཟིམ་གོང་དུ།།
མ་རིག་མུན་སེལ་གྱི་འཆར་ནུབ་འགྲུབ་ཀྱང་མཆོག་ལ།།
འཁོར་བར་བདེན་ཞེན་གྱི་སྣང་བའི་མཆོད་གོང་ངོགས་སུ།།
གསོན་ལ་ཤི་ཉམས་ཀྱི་བེམ་རིག་འདུས་པའི་མཚམས་ན།།
སེམས་ཀྱི་སྨོན་ལམ་གང་གཙང་བོའི་རྒྱུན་དང་འགྲོགས་ཤིག། 
རྩོམ་སྒྲིག་པ། སངས་རྒྱས་སྐྱིད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།