中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།། དཀར་གསལ་ཟླ་བར་བླངས་པའི་གླུ།
དུས་ཚོད།2021-01-08 09:37:52     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར། གཞི་ཚང་ཟླ་བ་གྲགས་པ། [སི་ཁྲོན]    ཆུང་། | འབྲིང་། | ཆེ།
༄༅།། དཀར་གསལ་ཟླ་བར་བླངས་པའི་གླུ།
གཞི་ཚང་ཟླ་བ་གྲགས་པ། [སི་ཁྲོན]
ཐབས་རྡུགས་སྲོག་གི་དབང་པོ་གཙང་བོར་བྱིང་སྟེ།།
མི་བཟོད་ཉམ་ངའི་མཚོ་མོར་ཉིན་བཞིན་གཅར་དུས།།
མུན་པས་རི་ལུང་གཅུན་པའི་ས་སྲོད་དབུས་ནས།།
ཕལ་བའི་ཡིད་སེམས་གསོ་བའི་གཞས་ཤིག་མ་རྙེད།།

ཞོགས་ཀའི་རྩྭ་སྟེང་གཉིད་པའི་ཆར་ཟིལ་སྣ་ཚོགས།།
གློ་བུར་མི་རྟག་ཡིན་པ་དཔག་མེད་མཐོང་ཞིང་།།
འཁོར་བའི་མཚན་སྨག་འཁྲུད་པའི་སེམས་ཀྱི་ཟླ་བ།།
མི་མཇལ་ནུབ་རིར་གཟིམ་པར་དངངས་སྐྲག་ཆེ་སོང་།།

གསེར་སྐྱེམས་གཡུ་སྔོན་རྫས་ཀྱི་མཆོད་སྤྲིན་མ་འབྱོར།།
མྱུར་མགྱོགས་སྐད་ཅིག་ཐུན་གྱིས་ཉིན་ཞག་ཟོས་སོང་།།
སྲོད་ཁའི་མཛེས་སྡུག་རོལ་བའི་བདག་གི་སེམས་པ།།
ནུབ་ཕྱོགས་རྔམ་བརྗིད་རི་བོའི་གྲིབ་མས་གཙེས་བྱུང་།།

དཀའ་སྡུག་ངལ་རྩོལ་ལས་ཀྱིས་བདེ་སྐྱིད་མ་རྙེད།།
ལོ་ཟླའི་གྲམ་གཞུང་བརྒྱུད་ནས་གཉེར་རིས་མངོན་སོང་།།
ཟུངས་རིད་སྤྱི་བོའི་གཞུང་ལ་སྤྲིན་དཀར་འཁྲིགས་ཀྱང་།།
བྱམས་བརྩེ་སྙིང་རྗེའི་རང་མདངས་ལྷག་ཏུ་གསལ་འདུག།
ཉོན་མོངས་ཉེས་པའི་འགྲམ་གཞི་མུན་སྨག་བཅོམ་ནས།།
གཡའ་དག་ནམ་མཁའི་དཀྱིལ་ནས་ཡུན་རིང་ཤར་ཤོག།
ཕྱི་ལ་ལྷགས་རླུང་རྒོད་ཀྱང་ཟླ་འོད་འོག་ནས།།
མཁས་བརྒྱའི་མན་ངག་ཀློག་བཞིན་བུ་ཆུང་གནས་དགོས།།

ཉི་མའི་གཟི་མདངས་བྲལ་བའི་གནམ་སྟོང་མཚན་མོ།།
འཇིག་རྟེན་ནགས་མའི་གསེབ་ནས་ཕུར་ཚུགས་བསྐྱངས་ཏེ།།
མ་འོངས་ནོམས་ཉུག་བྱེད་བཞིན་འཚོ་དགོས་བསམ་ན།།
འཇིགས་སྐྲག་ཤུགས་རིང་དཔུང་གིས་འདུག་བཟོད་མི་འདུག།

བསྐལ་བའི་རླུང་གིས་སྤུར་བའི་རྡུལ་ཕྲན་ཡིན་ཕྱིར།།
ས་གནས་འཕགས་ཚོགས་ཇི་བཞིན་རང་དབང་མི་འདུག།
རྟེན་འབྱུང་བཀའ་རྒྱ་གཏོར་བའི་བདེན་པ་མ་མཆིས།།
ཐབས་རྡུགས་སྒྱུ་མའི་གྲོང་ནས་གཅོང་ནད་ཟིན་ཡོད།།

མཚར་སྡུག་ཆར་ཞོད་འདོད་པར་ཁུ་འཕངས་གནང་བའི།།
ལས་ཀྱི་འདྲེ་མོའི་སྲོག་རྩ་གཅོད་འདོད་སྐྱེས་ཀྱང་།།
ཞི་བདེའི་བཙན་སར་ཟིན་པའི་ཐབས་ཇུས་མ་རྙེད།།
ཀྱེ་མ་རང་སྡུག་མྱོང་བའི་རྒྱུ་ལས་མི་འདུག།
བག་མེད་རྩེད་འཇོར་གཡེངས་ནས་ཉི་མ་གཟིམས་སོང་།།
དམ་པའི་ཞབས་ཏོག་མ་འབྱོར་གཤེགས་ན་མི་འགྲིག།
ས་གཞིར་དཔྱིད་དཔལ་རྒྱས་པའི་ཉི་ཟླ་མེད་ན།།
ཀུ་མུད་པད་མའི་འཛུམ་ཞལ་གང་ནས་གྲོལ་ཨང་།།

རབ་རིབ་དྲི་མས་མ་གོས་རང་ཞལ་མཇལ་བས།།
མི་མཚུངས་ཕ་བུའི་བརྩེ་གདུང་ཤིན་ཏུ་ཟབ་སོང་།།
འཇིག་རྟེན་ཕར་ཚུར་གནས་པ་གང་གིས་མི་ནུས།།
ཤི་གསོན་མཉམ་གནས་བྱུང་ན་དགའ་བ་ལ་ཨང་།།
རྩོམ་སྒྲིག་པ། སངས་རྒྱས་སྐྱིད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།