༄༅།། ཆང་གི་ཉེས་དམིགས།
དུང་རིང་སྙིང་ལྕགས་བཀྲ་ཤིས། [གཙོས]
ཆང་ཞིག་འཐུང་བའི་རྗེས་ཀྱི་འགྱོད་པ་རང་སེམས་གངས་ལ་ནག་ཐིག་བབས།།
ལྷན་ནེར་གསལ་བའི་རི་མོ་འདི་ཀོ་མ་བྲིས་གདོང་ནས་མངོན་པའི་ཚེ།།
མ་རེངས་སྡིག་མདོག་སྟོན་གྱི་ནམ་ཟླ་བཞིན་དུ་སྐྱེན་པར་བསྒྲེས་པའི་གཟུགས།།
འཆམ་མཐུན་དཔུང་ལ་དབྱེན་དང་གྱོད་ཀྱི་དཀྲུག་ཤིང་འཕེན་པའི་གཏེ་བོ་ཉིད།།
སྐྱི་གཡའི་བཞིན་གཉེར་མདུན་ལ་བསྟད་ཚེ་ཞེད་སྣང་བ་སྤུ་ངང་གིས་གཟེད།།
སྡིགས་པའི་གཅམ་ཚིག་སྙིང་ལ་ཟུག་པས་གཟེར་བའི་ཟུག་རྔུས་དོན་ལྔ་དཀྲུག།
སྙུང་གཞིའི་བྱུང་རིམ་རྦད་དེ་བཅད་ན་འགྲེལ་བའི་གསལ་ཁ་ཆང་གིས་སྦངས།།
འདས་ཟིན་བཞུད་ལམ་ཀྱག་ཀྱོག་བཟོ་བ་མ་སྐུལ་ཉིད་ཀྱིས་བརྐོས་པའི་དོང་།།
དུག་རླངས་ལྗིབས་ནས་ཚིག་དང་ལུས་ཀྱི་ཡ་ངའི་གར་སྟབས་བྱམས་པར་བསྒྱུར།།
བདུད་རྩི་གཡོ་བའི་ཟོམ་ལས་སྐྱེས་པའི་འཁོར་ཁྱིམ་དུག་གི་རྫིང་བུར་བསྐྱིལ།།
སྙིང་བོ་མེད་པའི་གླུ་དབྱངས་སྣ་ཚོགས་ཞེ་སྡང་མིག་ཆུས་གདངས་ལ་བཀུག།
གཞན་སྨོན་བརྩེ་བའི་སྤྲིན་གྱི་ལྡིང་ཁང་སྨག་ནག་མཐུག་པོའི་ཡོལ་བས་བསྒྲིབས།།
བདུད་རྩི་ལྷ་མོར་བརྩེ་བའི་དབང་གི་མཆོད་སེམས་མེད་ན་རྒྱང་དུ་འཕངས།།
ལས་སྐལ་རི་མོ་གཅིག་ཏུ་ཕབ་པའི་གཡང་གི་ཁྱིམ་ནོར་གཅེས་པར་བཟུང་།།
ལྷུན་པོ་ལས་ལྕི་སེམས་ངལ་ཁུར་ཆེན་ཇི་སྲིད་འཚོ་བར་ཁྱོད་དང་སྦྲེལ།།
དགོས་མེད་ཝ་སྐྱེས་གཡོ་སྒྱུ་ལུགས་ཀྱིས་མི་ཚེ་སྐྱེལ་དགོས་ཁག་པོའི་གནས།།
དྲིན་ཆེན་ཕ་མའི་གདམས་ངག་བཅུད་དེ་བརྡོལ་མེད་སྣོད་ཀྱི་མཛོད་དུ་བཅུག།
ཁེར་འགྲོའི་འཚོ་བ་ཉམ་ཐག་གྱུར་ན་སུ་དང་གང་གི་སྡོངས་གྲོགས་དཀོན།།
ཕྱིས་འགྱོད་གདུང་བས་ལང་ཚོ་ཟད་གྱུར་དྲོད་གྲང་སྙོམས་བྲལ་འཚོ་བཅུད་དེ།།
བཅུད་མེད་རུལ་སོང་གཟན་ལས་མེད་པས་དོན་ལྡན་འཚོ་བའི་ཕྱོགས་སུ་གཞོལ།།
རྩོམ་སྒྲིག་པ། སངས་རྒྱས་སྐྱིད།
|