བསླབ་ཚན་གླེང་བརྗོད་ནི་སློབ་ཁྲིད་གོང་གི་ལས་བྱ་གལ་ཆེན་ཞིག་ཡིན་ལ། སློབ་ཁྲིད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། བསླབ་ཚན་གླེང་བརྗོད་ཀྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱོན་ཡོངས་ཀྱི་བསམ་གཞིགས་བྱ་ཐུབ་ལ། བསླབ་གཞིའི་ནང་དོན་དང་སློབ་མའི་སློབ་སྦྱོང་གི་གནས་ཚུལ། སློབ་མའི་ཤེས་ཚད་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་དང་སྔོན་དཔག་བྱེད་ཐུབ་པས། སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་བའི་སློབ་ཁྲིད་ཀྱི་ལས་རིམ་གལ་ཆེན་ཞིག་ཡིན། གཤམ་དུ་བོད་ཀྱི་རང་མོས་སྙན་ངག་ཐོག་མ《ལང་ཚོའི་རྦབ་ཆུ》ཞེས་པའི་བསླབ་ཚན་གླེང་བརྗོད་བྱ་ཐབས་སྐོར་ཅུང་ཟད་གླེང་འདོད་པ་ལ།
༡ བསླབ་གཞི་གླེང་བ། ༢ སློབ་མ་གླེང་བ། ༣ སློབ་ཁྲིད་ཀྱི་དམིགས་ཡུལ་གླེང་བ། ༤ ཁྲིད་ཐབས་གླེང་བ། ༥ ཁྲིད་ཡུན་གླེང་བ། ༦ སློབ་ཁྲིད་ཀྱི་བརྒྱུད་རིམ་གླེང་བ། ༧ ནག་པང་འཆར་འགོད་གླེང་བ། ༨ སྦྱང་གཞི་འཆར་བཀོད་གླེང་བ། ༩ སློབ་ཁྲིད་ཕྱོགས་བསྡོམས་དང་ཕྱིར་རྟོག
དང་པོ། བསླབ་གཞི་གླེང་བ།
«ལང་ཚོའི་རྦབ་ཆུ»ཞེས་པའི་བསླབ་ཚན་འདི་ནི་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་ལྗོངས་ཞིང་ལྔའི་མཉམ་སྒྲིག་བསླབ་གཞི། མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་གསུམ་པའི་ནང་བཀོད་པའི་བསླབ་ཚན་དང་པོ་དེ་ཡིན། སློབ་ཚན་དེ་ནི་༢༠༡༠ལོར་སྒྲིག་པའི་མཐོ་རིམ་སློབ་འབྲིང་གི་བོད་སྐད་ཡིག་ངེས་སྦྱོང་སློབ་གཞི་གསུམ་པའི་བསླབ་ཚན་དང་པོར་བཀོད་སྒྲིག་བྱས་པ་མ་ཟད་༢༠༡༧ལོར་བསྐྱར་དུ་སྒྲིག་པའི་ངེས་སྦྱོང་གསུམ་པའི་བསླབ་ཚན་དང་པོར་བཀོད་སྒྲིག་བྱས་ཡོད་པར་གཞིགས་ན་བརྩམ་བྱ་འདི་ནི་མཐོ་འབྲིང་སློབ་མས་སྙན་ངག་གསར་པའི་རྩོམ་འབྲིའི་ཁྱད་ཆོས་དང་ཆོས་ཉིད་ལ་རྒྱུས་ལོན་དང་ཤེས་རྟོགས་ཁ་གསལ་ཞིག་ཡོང་བའི་ཕུལ་བྱུང་བརྩམས་ཆོས་ཤིག་ཡིན་ལ། བརྩམས་ཆོས་འདིའི་ཚིག་སྦྱོར་སྤེལ་སྟངས་དང་ནང་དོན་མཚོན་སྟངས་ཀྱི་ཁྱད་ཆོས་ལ་རྒྱུས་ལོན་ཐུབ་ན་རང་མོས་སྙན་ངག་གི་རྩོམ་འབྲིའི་གཞུང་ལུགས་ལ་གསལ་ཆ་ཅུང་ཟད་མཆིས་པས། བརྩམས་ཆོས་འདི་ནི་རང་མོས་སྙན་ངག་གི་སྒོ་འགྲམ་དུ་བསླངས་པའི་རྡོ་རིང་ལྟ་བུ་ཞིག་ཡིན་ལ། སྙན་ངག་གསར་རྩོམ་གྱི་མཛོད་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན།
གཉིས་པ། སློབ་མ་གླེང་བ།
དེང་གི་སློབ་མའི་བོད་སྐད་ཡིག་གི་རྨང་གཞི་ཞན་ལ། བོད་སྐད་ཡིག་ལ་དགའ་ཞེན་དང་མཐོང་ཆེན་བྱེད་པའི་འདུ་ཤེས་དབེན། གལ་ཏེ་ད་ཐེངས་ང་ཚོས་དབྱངས་ལ་གྱེར་བདེ་ལ་ཡིད་ལ་འཛིན་སླ་བའི་སློབ་ཚན་འདིའི་ནང་དོན་ལ་སློབ་སྦྱོང་ཚགས་ཚུད་པོ་ཞིག་བྱ་ཐུབ་ན། སློབ་མ་ཚོས་གོ་སླ་བའི་སྙན་ངག་ལ་མྱོང་རོལ་བྱེད་ཐུབ་ཅིང་སྟངས་བདེའི་སྙན་ངག་འབྲི་སྦྱོང་བྱ་རྒྱུའི་ཐད་ལ་ཡང་ནུས་པ་གང་འཚམ་ཐོན་རྒྱུ་ཡིན་པས་སློབ་མའི་སྐད་ཡིག་གི་བྱང་ཚད་དང་སྐད་ཡིག་ལ་དོ་སྣང་བྱེད་ཤུགས་གང་ལ་གང་འཚམ་གྱིས་གོང་མཐོར་གཏོང་ཐུབ།
གསུམ་པ། སློབ་ཁྲིད་ཀྱི་དམིགས་ཡུལ་གླེང་བ།
༡ཤེས་བྱ་དང་ནུས་རྩལ་གྱི་ཐད།
སློབ་མས་སྒྲ་གསལ་ལ་འབྲུ་དག་པའི་སྒོ་ནས་སློབ་ཚན་གྱེར་ཀློག་བྱེད་ཐུབ་པ་གང་ཞིག «ལང་ཚོའི་རྦབ་ཆུཞེས་པ་ནི་བོད་ཀྱི་རང་མོས་སྙན་ངག་ཐོག་མ་ཡིན་པ་དང་རྦབ་ཆུའི་མཚོན་དོན་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་བོད་རིགས་གཞོན་ནུ་རྣམས་ཀྱི་ལང་ཚོའི་ཉམས་འགྱུར་དང་སྙིང་སྟོབས་མཚོན་པ་དེ་སློབ་མ་ཚང་མས་ཤེས་རྟོགས་བྱ་རྒྱུ།སྙན་རྩོམ་གྱི་རྩོམ་འབྲིའི་ཤེས་བྱ་དག་བརྩམས་ཆོས་དབྱེ་ཞིབ་ཀྱི་ལག་ལེན་དངོས་ལ་སྦྱར་ཏེ་རྦབ་ཆུའི་ཁྱད་ཆོས་དང་གཞོན་ནུའི་སྙིང་སྟོབས་གཉིས་ངོ་བོ་གཅིག་ཏུ་འདྲེས་ཏེ་གསལ་བཤད་བྱ་རྒྱུ་དང་རང་རེའི་གཞོན་ནུ་རྣམས་ནི་བོད་ཀྱི་ཐུན་མིན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་མཁན་གྱི་གཙོ་བོའི་དཔུང་ཁག་ཡིན་པ་བརྗོད་ནས་ང་ཚོར་དགོས་པ་ནི་གསར་གཏོད་ཀྱི་སྙིང་སྟོབས་དང་སྙིགས་དོར་བཅུད་ལེན་གྱི་བསམ་བློ་ཡིན་ལ།ང་ཚོས་རིང་དུ་དོར་དགོས་ནི་རྙིང་ཞེན་བག་འཁུམ་དང་ལེ་ལོ་སྒྱིད་ལུག་གི་ཆ་དེ་ཡིན་པ་རྟོགས་པར་བྱ་རྒྱུ་ནི་སློབ་མ་མང་ཆེ་བར་གཏད་པའི་དམིགས་ཡུལ་ཡིན།
༢ བརྒྱུད་རིམ་དང་ཐབས་ཤེས། གཤམ་གྱི་དོན་ཚན་དྲུག་པར་གསལ།
༣ ཚོར་འདུ་དང་རིན་ཐང་གི་ལྟ་བ།
སློབ་མ་ཚོས་བརྩམས་ཆོས་འདི་མྱོང་རོལ་བྱས་པ་བརྒྱུད་གཞོན་ནུའི་ཕྲག་སྟེང་གི་འགན་འཁྲི་རྟོགས་པར་བྱས་ནས་རང་མི་རིགས་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་ནི་དུས་རབས་འདིའི་གཞོན་ནུའི་ལས་འགན་ཙམ་མ་ཡིན་པར་གདོང་དམར་གཞོན་ནུ་ཡོངས་ཀྱི་དོར་མེད་ཀྱི་འོས་འགན་ཡིན་པས་དེ་ལས་ང་ཚོས་གཞོན་ནུའི་རྒྱུད་ཀྱི་རང་མི་རིགས་ལ་དགའ་ཞེན་དང་རང་གི་རིག་གནས་ལ་ཤ་ཞེན་བྱེད་པའི་རིན་ཐང་གི་ལྟ་བ་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན།
བཞི་བ། ཁྲིད་ཐབས་གླེང་བ།
བསླབ་ཚན་གསར་བའི་བཅོས་བསྒྱུར་ལས།སློབ་མ་ལྟེ་བ་རུ་བཟུང་ནས་སློབ་མའི་རང་ཚུགས་ཀྱི་སློབ་སྦྱོང་དང་དགེ་རྒན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱ་དགོས་ཞེས་པའི་བླང་བྱ་བཏོན་ཡོད་པས་སློབ་ཚན་འདིར་དྲི་བ་འདོན་པ་དང་བློ་སྒོ་འབྱེད་པ། བགྲོ་གླེང་བྱེད་པ་སོགས་ཚུད་པའི་ཁྲིད་ཐབས་སྤྱད་རྒྱུ་དང་སྔོན་སྦྱངས་ཀྱི་ལས་འགན་དག་སློབ་མ་སྒེར་གྱི་སློབ་སྦྱོང་དང་སློབ་མ་ཕན་ཚུན་གྱི་མཉམ་ལས་དགེ་སློབ་ཀྱི་གཞོགས་འདེགས་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་སློབ་སྦྱོང་བྱ་རྒྱུ།
ལྔ་བ། ཁྲིད་ཡུན་གླེང་བ།
སློབ་ཚན་འདིར་ཚོགས་ཐུན་བཞི་བེད་སྤྱོད་བྱ་རྒྱུ་ཡིན་ལ། ཚོགས་ཐུན་དང་པོར། ཁྲིད་གཞི་ངོས་བཟུང་བ་སྟེ། སློབ་ཚན་གྱི་མཚན་བྱང་ངོས་འཛིན་དང་རྩོམ་པ་པོ་ངོ་སྤྲོད་བསླབ་ཚན་ཧྲིལ་པོ་འདི་སྒྲ་གསལ་ལ་འབྲུ་དག་ཅིང་བརྩེ་དུང་གིས་ཕྱུག་པའི་སྒོ་ནས་གྱེར་ཀློག་བྱེད་དུ་བཅུག་རྒྱུ། ཚོགས་ཐུན་གཉིས་པར་གཙོ་བོ་སྙན་རྩོམ་གྱི་རྩོམ་འབྲིའི་ཤེས་བྱ་ངོ་སྤྲོད་དང་རྩོམ་འབྲིའི་བརྒྱབ་ལྗོངས་ངོ་སྤྲོད་བྱ་རྒྱུ། ཚོགས་ཐུན་གསུམ་པར་ཁྲིད་བྱའི་གཞུང་དངོས་ལ་འཇུག་སྟེ། རྦབ་ཆུའི་ཁྱད་ཆོས་ནས་གཞོན་ནུའི་ལང་ཚོ་དང་སྙིང་སྟོབས་ཀྱི་སྟེང་དུ་བབས་ནས་བརྗོད་བྱ་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཡིན། ཚོགས་ཐུན་བཞི་པར་རྩོམ་པ་པོས་གཞོན་ནུའི་ལུས་ཐོག་གི་འགན་འཁྲི་བརྗོད་ནས་གཞོན་ནུ་རྣམས་ལ་སྐུལ་མ་ནན་པོ་གནང་ཐོག་གཞོན་ནུ་ལ་ངར་བསླངས་པའི་ཐོག་ནས་རྩོམ་པ་པོའི་སྐུལ་སློང་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དེ་ཡིན།
དྲུག་པ། སློབ་ཁྲིད་ཀྱི་བརྒྱུད་རིམ་གླེང་བ།
༡ ཁྲིད་གཞིར་འཇུག་པ།
བོད་ཀྱི་གླུ་པ་གྲགས་ཅན་བདེ་སྐྱིད་ཚེ་རིང་གིས་བླངས་པའི་ལང་ཚོའི་རྦབ་ཆུ་ཞེས་པའི་གླུ་གཞས་ཀྱི་འགྲོས་དང་བསྟུན་ནས་གཞོན་ནུ་ནི་སྐྱེས་སྟོབས་ཀྱི་དཔལ་འབར་ལ་ལང་ཚོའི་གསོན་ཤུགས་མཆིས་པ་དང་སྙིང་སྟོབས་ཀྱི་གོ་ཆ་ལུས་ལ་བགོས་ནས་དཀའ་ངལ་གྱི་རི་བོ་འབིགས་པར་ནུས་པས་གཞོན་ནུ་ནི་མི་རིགས་ཤིག་གི་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་ལ། མི་རིགས་ཤིག་ཀྲོང་ངེར་འགྱིང་བའི་སྒལ་ཚིགས་ལྟ་བུ་ཡིན་པས་དེ་རིང་ང་ཚོས་གཞོན་ནུའི་ལང་ཚོ་དང་འབྲེལ་བའི་སློབ་ཚན«ལང་ཚོའི་རྦབ་ཆུ»ཞེས་པ་སློབ་སྦྱོང་བྱ་རྒྱུ་ཡིན།
༢ མཚན་བྱང་ངོས་འཛིན།
སློབ་ཚན་གྱི་མཚན་བྱང་ལ་སྒོ་ཕྱེ་རི་མཐོང་གི་ནུས་པ་དང་ལྡན་པས་«ལང་ཚོའི་རྦབ་ཆུ»ཞེས་པའི་མཚན་བྱང་ཡང་དེ་ལས་མ་འདས་ཏེ་རྩོམ་པ་པོས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་ལང་ཚོའི་ཉམས་འགྱུར་དེ་རྦབ་ཆུའི་ཁྱད་ཆོས་ལ་སྦྱར་ཡོད་པ་ཤེས་རྟོགས་བྱ་རྒྱུ།
༣ རྩོམ་པ་པོ་ངོ་སྤྲོད།
རྩོམ་པ་པོ་དོན་གྲུབ་རྒྱལ་ནི་བོད་ཀྱི་རྩོམ་རིག་དོ་རའི་ནང་གི་ནུབ་མེད་ཀྱི་སྐར་ཆེན་ཞིག་ཡིན་ལ།བོད་ཀྱི་དེང་རབས་རྩོམ་རིག་གི་སྲོལ་འབྱེད་པ་ཡིན་ཞིང་། ཁོང་གིས་དེང་རབས་སྒྲུང་གཏམ་དང་སྙན་རྩོམ་གསར་པ་ལ་འཇོག་པའི་ལས་རྗེས་ནི་བསུབ་ཏུ་མི་རུང་བ་ཞིག་ཡིན། ཁོང་གི་དཔེ་མཚོན་བརྩམས་ཆོས་ལ«པད་མཚོ»«འབྲུག་མཚོ»«སྤྲུལ་སྐུ»«རྐང་ལམ་ཕྲ་མོ»སོགས་མང་དུ་མཆིས་སོ།
༤ སློབ་ཚན་གྱེར་འདོན་བྱ་རྒྱུ།
སློབ་ཚན་འདི་ནི་རྒྱུན་པར་སྙན་ངག་གྱེར་འདོན་སྐབས་ཀྱི་དཔེ་མཚོན་བརྩམས་ཆོས་ཞིག་ཡིན་པས།ཐོག་མར་དགེ་རྒན་རང་ངོས་ནས་ཚན་པ་གཅིག་དཔེ་གཞིར་བཟུང་ནས་གྱེར་ཀློག་བྱས་ཐོག་སློབ་མ་རྣམས་ལ་ལས་འགན་སྤྲད་ནས་ཀློག་འདོན་བྱེད་དུ་བཅུག་ཏེ་གོ་དཀའ་མིང་ཚིག་རྣམས་དང་ཚིག་སྦྱོར་སྙན་པོ་དག་ལ་རྟགས་བཀོད་ནས་ནང་དོན་ལ་རྒྱུས་ལོན་རགས་ཙམ་ཡོང་ཐབས་བྱ་དགོས།
༥ རྩོམ་འབྲིའི་བརྒྱབ་ལྗོངས།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་པ་དང་བསྟུན་ནས་ལྷུག་གཏོང་སྲིད་ཇུས་ལག་བསྟར་མཛད་པ་དང་ལྷག་པར་དུ་མི་རིགས་སྲིད་ཇུས་ལྷུག་གཏོང་མཛད་པར་བརྟེན་རང་མི་རིགས་ཀྱི་རིག་གནས་དེ་ཡང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་སྐལ་བཟང་ཉི་མ་ཤར་བས་རྩོམ་པ་པོའི་ཡིད་ལ་དགའ་སྤྲོ་བརྟས་ཤིང་། སེམས་ལ་སྟོབས་ཤུགས་ཀྱིས་ཁེངས་པས་རང་དང་ན་མཉམ་གྱི་གཞོན་ནུ་རྣམས་ནི་མི་རིགས་ཀྱི་རེ་བ་ཉག་གཅིག་ཏུ་འཛིན་ནས་ཁོ་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཁོ་ཚོའི་འགན་འཁྲི་ནན་གྱིས་བརྗོད་ནས་གཞོན་ནུ་རྣམས་ལ་འབོད་སྐུལ་མཛད་ཡོད།
༦ ཁྲིད་བྱའི་གཞུང་དངོས།
དེ་ཡང་བརྩམས་ཆོས་དེའི་བརྗོད་དོན་ལ་གོ་བ་ཡང་དག་ཞིག་དང་རིགས་ལམ་ཁ་གསལ་ཞིག་ཡོང་ཕྱིར་ཚན་པ་ཁག་གཉིས་ལ་འབྱེད་ནས་གསལ་བཤད་བྱས་ན་གཤམ་གསལ།
དང་ཐོག་རྦབ་ཆུ་འབབ་སའི་ཁྱད་ཆོས་ཞིབ་འབྲི་བྱས་ལ། དེ་ཡང་ལྗོངས་རྣམ་རྐྱང་པ་ཙམ་བྲིས་པ་མ་ཡིན་པར་རྩོམ་པ་པོས་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་དང་དུས་རབས་ཀྱི་དགེ་མཚན་གསར་པ་ལ་བསྔགས་བརྗོད་བྱས་ཡོད་པ་མཚོན་ལ། དེར་མཐུད་དེ་ལས་ཉམས་དགའ་བ་དང་མཛེས་སྡུག་ལྡན་པ་ནི་བྲག་ངོས་གཟར་པོ་ནས་བབས་པའི་རྦབ་ཆུ་ཡིན་པར་བརྗོད་ལ།རྦབ་ཆུའི་ལྦུ་བའི་རླབས་ཕྲེང་མཛེས་ལ།རྦབ་ཆུའི་བཞུར་སྒྲ་སྙན་པར་བརྗོད་ནས་དཔེའི་ཁྱད་ཆོས་གསལ་སྟོན་བྱས་ཐོག དེ་ནི་ཡུལ་རང་ག་བར་རྒྱུགས་པའི་རྦབ་ཆུ་དཀྱུས་མ་ཞིག་མ་ཡིན་པར་བརྗོད་དེ་རྦབ་ཆུའི་མཚོན་དོན་དངོས་སུ་སྤྲོད་ནས་གཞོན་ནུའི་ཕྱིའི་ཉམས་འགྱུར་དང་ནང་གི་སྙིང་སྟབས་ལ་བསྔགས་བརྗོད་ཚད་མེད་མཛད་ཡོད། ཁག་གཉིས་པར་གཞོན་ནུའི་འོས་བབས་བསྟན་ནས་རིག་གནས་ཆེ་ཆུང་ལྔས་མཚོན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཚན་རྩལ་རིག་གནས་སྟེ་གསར་དར་རིག་གནས་བར་གྱི་འབྲེལ་ལམ་ལེགས་པར་བསྟན་ནས་ང་ཚོས་མེས་པོའི་རིག་གནས་དང་གྲུབ་འབྲས་ངོམས་ནས་སྡོད་པ་མ་ཡིན་པར་དུས་རབས་འཕེལ་རྒྱས་ཀྱི་བགྲོས་དང་བསྟུན་ནས་རང་མི་རིགས་ཀྱི་རིག་གནས་ལ་བསམ་བློ་གསར་བའི་བཅུད་དང་དུས་རབས་གསར་བའི་དགེ་མཚན་ལྡན་པར་བྱས་ཏེ་མི་རིགས་ཀྱི་ལ་རྒྱ་མཐོན་པོར་འདེགས་དགོས་པར་འབོད་སྐུལ་གནང་བ་ཤེས་རྟོགས་ཐུབ་རྒྱུ་དེ་ཡིན།
བདུན་པ། ནག་པང་འཆར་བཀོད།
ནག་པང་འཆར་བཀོད་ལ་གཙོ་ཕལ་གཉིས་སུ་འབྱེད་ནས་གཙོ་བོའི་ཆ་ལ་བསླབ་ཚན་གྱི་མཚན་བྱང་དང་རྩོམ་པ་པོ། རྩོམ་སྟངས། དེ་བཞིན་གཞུང་དངོས་ཀྱི་ནང་དོན་དག་བཀོད་རྒྱུ་དང་། ཕལ་པའི་ཆ་ལ་གོ་དཀའི་ཐ་སྙད་འགྲེལ་བཤད་དང་ཕྲད་ཀྱི་དོན་སྦྱོར་སོགས་བཀོད་དགོས།
བརྒྱད་པ། སྦྱང་གཞི་འཆར་བཀོད།
༡ སློབ་ཚན་འདིའི་རྩོམ་པ་པོ་དང་རྩོམ་སྟངས།
༢ བརྩམས་ཆོས་དེའི་གནས་བབས་ཇི་འདྲ་ཡིན།
༣ རྦབ་ཆུའི་མཚོན་དོན་གང་ཡིན།
༤ བཅུ་ཕྲག་རིག་གནས་ཞེས་པ་གང་ལ་གོ
༥ བརྩམས་ཆོས་འདི་སློབ་སྦྱོང་བྱས་པ་བརྒྱུད་ཁྱེད་ལ་བློ་བསྐྱེད་ཇི་འདྲ་བྱུང་།
དགུ་བ། སློབ་ཁྲིད་ཕྱོགས་བསྡོམས་དང་ཕྱིར་རྟོག
༡བརྩམས་ཆོས་དེའི་རྩོམ་པ་པོ་དང་རྩོམ་སྟངས་དེ་བཞིན་བརྩམས་ཆོས་དེའི་གནས་བབས་གང་ཡིན་པ། རྦབ་ཆུའི་མཚོན་དོན་གང་ཡིན་པ་དང་རྩོམ་པ་པོས་གཞོན་ནུ་རྣམས་ལ་བསྟོད་བསྔགས་ཇི་ལྟར་མཛད་ཡོད་པ། གཞོན་ནུ་རྣམས་ཀྱི་འགན་འཁྲི་གང་གསལ་སྟོན་བྱས་ཡོད་པ། གཞོན་ནུ་རྣམས་ལ་རེ་སྐུལ་གང་བྱས་ཡོད་པ་སོགས་སློབ་མ་རེ་གཉིས་ལ་སྐད་ཆ་བྲིས་ནས་དགེ་རྒན་གྱིས་ཁ་སྣོན་མཛད་དེ་དགེ་སློབ་ཐུན་མོང་གི་ཐོག་ནས་སློབ་ཚན་ལ་ཕྱོགས་བསྡོམས་བྱ་རྒྱུ་ཡིན།
༢སློབ་ཁྲིད་ཚར་རྗེས་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་མངོན་པའི་ལེགས་ཆ་རྒྱུད་འཛིན་དང་ཞན་ཆ་ལེགས་བཅོས་བྱས་ཏེ་ཕྱིས་འབྱུང་གི་སློབ་ཁྲིད་ལ་ཁྲིད་སྟོན་བྱ་རྒྱུ་ཡིན།།
|