༄༅།། ཁ་བ་མེད་པའི་དགུན་ཁ།
ཨ་རིག་འཇིགས་མེད། [མཚོ་སྔོན]
དགུན་གྱི་ཙག་རླུང་རི་ལུང་གཞུང་དུ་རྒྱུག།
དལ་འབབ་ཆུ་བོའི་ངག་གི་དབྱངས་རྟ་འགག།
གོས་དཀར་གྱོན་པའི་དགུན་གྱི་བུ་མོ་ནི།།
གྲང་ངར་ལྷགས་རླུང་ཁྲོད་ན་ལྟོགས་ཀྱང་འཁྱགས།།
ཁ་བའི་འདབ་མ་སྒེའུ་ཁུང་མགྲོན་པོར་ཕེབས།།
ཡིད་ཀྱི་གསང་གཏམ་མ་གསང་དྲང་པོར་སྨྲས།།
ལྐོག་ཏུ་ཉན་པའི་ཁེར་རྐྱང་རླུང་བུ་ཡིས།།
བདག་གི་གསང་ཚིག་ཁྱེར་ཏེ་ཡིབ་ཅིང་བྲོས།།
འཇིག་རྟེན་མི་ཚེ་དབྱངས་ཀྱི་རྒྱུད་སྐུད་ཅིག།
དབྱངས་ཀྱི་རྒྱུན་ལ་རྣམ་རྟོག་ས་བོན་མང་།།
དགའ་སྐྱོ་འབུམ་གྱི་སྣང་བརྙན་འཆར་བའི་གཞི།།
སེམས་ཀྱི་མེ་ལོང་ངོས་ལ་ལྟ་ཙམ་བྱས།།
ཁ་བའི་མེ་ཏོག་ཉི་ཟེར་མདངས་ལྡན་ཅན།།
ལས་ཀྱི་རྨི་ལམ་ཞིང་དུ་བག་ཀྱང་ལྷོད།།
གྲང་རེག་འཁུར་བའི་སྒེའུ་འགྲམ་ལྷགས་རླུང་གིས།།
རི་ངོགས་རྩྭ་སྐྱ་འཇག་མར་སྐྱོ་རོགས་བྱས།།
ལྷིང་འཇགས་འཇིག་རྟེན་སེམས་ཀྱི་དབེན་གནས་སུ།།
རྣམ་རྟོག་རུ་གྲོང་ཀློང་ནས་དགོད་ཅིང་འོང་།།
ལས་ཀྱིས་གོམ་ཁ་སྒྱུར་བའི་ཡུལ་སྡེ་ནས།།
གནའ་བོའི་མེས་པོའི་ངག་དེ་ཡིད་ལ་བཏེགས།།
སྨྲེང་བ་འབུམ་ཕྲག་འཐུ་བའི་འཇག་མ་ལ།།
བདག་སེམས་དགའ་སྡུག་ཁྲི་ཡི་རྟོག་འགྱུ་བསྙད།།
ཡང་ཡང་བརྗོད་ན་སྐྱོ་བའི་གཞི་རུ་འགྱུར།།
ཚིག་གི་མུ་ཏིག་ཚོམས་ལ་གློད་ན་ཆོག།
རྩོམ་སྒྲིག་པ། སངས་་རྒྱས་སྐྱིད།
|