འདུ་འཛི་རྒོད་པའི་གཞན་ཡུལ་འདི་ནས།།
དགུན་ཁའི་ལྷགས་དང་དབྱར་ཁའི་དྲོད་ཀྱིས།།
མགོ་ལུས་མེད་པར་བཙན་གྱིས་མནར་བས།།
ལུས་སེམས་བདེ་བའི་སྣང་བ་མ་རག།
འདོད་ལྔའི་འཇའ་ཚོན་ཐང་དུ་གྲོལ་འདུག།
བདག་གི་སེམས་འདི་རྟ་རྒོད་ཚུལ་གྱིས།།
རང་དབང་མེད་པར་གོམ་ཁ་སྒྱུར་དུས།།
རྟིང་མའི་ཕངས་སེམས་བསམ་བརྗོད་མི་ནུས།།
བྲག་ཁུག་འགྲིམ་པའི་རྒོད་པོ་ཁྱུ་གཅིག།
ཆགས་མེད་ཤེས་པའི་གཤོག་ཟུང་བཀོལ་ཏེ།།
སྤྲིན་རུམ་གཏོར་ཏེ་ཞི་དབྱིངས་ཕོ་བྲང་།།
གཤེགས་པ་མཐོང་ན་སྒོ་གསུམ་བྲེལ་གི།།
འདོ་རིག་རྟ་ལ་ལྕག་གིས་བྲབས་ཏེ།།
སྲིད་མཐའ་འགག་པའི་དབུས་ལམ་མོས་ཀྱང་།།
བདེན་པའི་ལ་མོ་གཟེངས་པ་དྲགས་པས།།
བདེ་མོའི་ཐང་ལ་དཀྱུས་ཐག་རིང་བ།།
བྱེས་སུ་འཁྱམས་པའི་བྱིས་པ་ང་ཚོ།།
ཡབ་ཡུམ་གྲོངས་པའི་དྭ་ཕྲུག་མིན་རུང་།།
རང་ཡུལ་མ་ལོག་ལོ་དང་ཟླ་བར།།
ཡབ་ཡུམ་ལྕམ་སྲིང་དྲན་ནས་མི་བཟོད།།
བླ་མ་དམ་པའི་ཞལ་གསུང་ཉན་ན།།
ཡབ་ཡུམ་ཚོགས་ཀྱང་རྟག་པར་ངུ་ཞིང་།།
བུ་ཆུང་འཕྲད་པར་ཕྱག་ཟུང་ཀེར་ཏེ།།
དལ་བའི་དུས་བཟང་མངའ་ཚུལ་མི་འདུག།
རོང་ལས་འཕགས་པའི་རི་སུལ་འདི་ན།།
ཐར་པར་བགྲོད་པའི་ཐེམ་སྐས་ལྡན་ཡང་།།
མ་རྟོགས་བྱིས་པར་མཐུ་སྟོབས་ཞན་པས།།
ཞི་བའི་གྲོང་ལ་སླེབས་པ་དཀའ་འོ།།
འོན་ཀྱང་བསོད་ཟས་ལྷག་པར་བཟའ་ཞིང་།།
ངེས་འབྱུང་གསལ་བའི་སྒྲོན་མེ་མཆིས་ན།།
རྒྱལ་བུ་རྒྱལ་པོར་འགྱུར་བའི་དཔེ་བཞིན།།
བྱིས་བློ་འདི་ཡང་སོན་དུས་ལོས་ཡོད།། |