མི་རྟག་ཚེ་ཡི་སྐར་མ་ཆུང་ཆུང་གིས།།
ལས་ཀྱི་དར་ཐག་བཅད་ཀྱང་མ་ཆོད་པར།།
དུངས་པའི་སྙིང་ལ་ལག་པ་བཞག་པའི་ཚེ།།
གྱེས་པའི་སྣེ་མོ་ནམ་མཁའི་དབྱིངས་སུ་ཟུག།
རླུང་བུའི་ཤུ་སྒྲ་ལོ་ཟླའི་མཚམས་ལ་ལྡང་།།
དགུན་གྱི་གྲང་བས་ལག་དང་རྐང་བ་འཁོབས།།
ལམ་གྱི་མི་དག་ཕར་ཕར་བཀྱེད་དེ་སོང་།།
ཞེན་ཆགས་ཕྱི་མིག་ཕ་ཡུལ་ལྗོངས་སུ་ལུས།།
དམ་བཅས་མིག་མཐའ་བརླན་པའི་ཚིག་དེ་ལ།།
ཚེ་སྔོན་ལས་ཀྱི་ལྷག་འཕྲོ་ཆད་མེད་པར།།
རེ་སྒུག་རྒྱང་ལ་བསྲིངས་པའི་ལོ་འདི་དག།
བསམ་ན་ཕངས་པའི་སེམས་པ་ཆེར་སྐྱེས་ཀྱང་།།
ན་གཞོན་འུ་ཚོའི་བློ་འདི་འགྱུར་སླ་བས།།
དཔྱད་ན་མཚར་ཞིང་ངུ་བའང་ཅང་མེད་པར།།
སྡེ་ཆེན་ཚོ་དྲུག་གླིང་གི་མཐའ་བསྐོར་ཏེ།།
ང་ནི་ཁེར་རྐྱང་ལམ་སྣེ་འགྲིམས་དགོས་རུང་།།
ཁྱེད་ཀྱི་འཚོ་བ་བདེ་ཞིང་སྐྱིད་ལགས་ན།།
ད་ནི་བློས་གཏོང་མི་ཐུབ་པའང་གཞན་མི་འདུག།
རྒྱང་རིང་ཕ་རོལ་མི་ཚེ་ཐག་རིང་ཞིང་།།
སྐྱིད་སྡུག་མངར་སྐྱུར་འཚོ་བ་བརྒལ་དཀའ་ཡང་།།
ད་དུང་སེམས་ཀྱི་འདུན་མ་མ་འཁྱག་པར།།
སྡུག་བསྔལ་མཆི་མ་ལག་པས་ཕྱིད་བཞིན་དུ།།
ཁྱ་ཁྱོར་གོམ་པ་འདི་ལ་མཚམས་མེད་པར།།
རི་དང་གཙང་བོར་འཐེན་པའི་རྨི་ལམ་འདི།།
དྭངས་གསལ་སེམས་ཀྱིས་གཉོར་བའི་ཚེ་ད་ཐེངས།།
སྲབ་མདའ་གློད་པའི་ཅང་ཤེས་ང་རང་བྱ།། |