中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > རྩོམ་རིག > སྙན་ངག >
༄༅།།མཚན་མོའི་མེ་ཏོག
དུས་ཚོད།2023-02-08 14:23:26     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།(གཞན་གཅིག)སྨོན་དུང་ཁྲག [སི་ཁྲོན]    ཆུང་། | འབྲིང་། | ཆེ།
དོ་ནུབ་ཟླ་བའི་འོད་ལ་དྲོད་ཀྱི་ཆ་ཞིག་འདྲེས་འདུག།
སེམས་ཀྱི་མཚོ་མོ་སྐྱོམ་ལ་སྣང་བའི་འཇའ་ཚོན་མཛེས་པ།།
ཚིག་གི་ལོ་མ་རེ་རེ་སེམས་ཀྱི་གཙང་ངོགས་འཐོར་དུས།།
གཏན་དུ་རྨིས་པའི་རྨི་ལམ་མིག་གི་མཐའ་ནས་ཟེགས་བྱུང་།།

དོ་ནུབ་དྲན་པ་མཐའ་དག་སྣང་བའི་རྒྱུ་སྐར་འདྲ་ལེ།།
ཏིག་ཏིག་སྙིང་གི་འགྲོས་འདི་ཁྱེད་ལ་དཀྲོལ་བའི་རོལ་དབྱངས།།
སྒྱུ་མའི་འཇིག་རྟེན་འདི་ཡི་སེམས་ཀྱི་ལོངས་སྤྱོད་དྭངས་མ།།
ཁ་ཞེ་འདྲིས་པའི་གཏིང་གི་ཡ་ཆུང་གཙང་མ་རེད་ལོ།།

དོ་ནུབ་འཆར་སྣང་ཐན་ཐུན་སུ་ལའང་བཅོལ་ཐབས་མི་འདུག།
ཚིག་གི་རིས་སུ་བཏེགས་པའི་བརྩེ་བ་ཀློག་པ་ཇི་བཞིན།།
འཛུམ་གྱི་སྤྲིན་པ་ལྷུང་བའི་སྙིང་གི་ནམ་མཁའ་སྔོན་པོ།།
རྒྱང་རིང་རྒྱང་རིང་ཞིག་ནས་ཉེ་བའི་དྲུང་དུ་འཐེན་ཡོང་།།

དོ་ནུབ་ཚིག་གི་རླུང་བའི་འཇམ་ཤ་མལ་སར་ལྷུང་ནས།།
རྒྱང་གི་འཛུམ་མདངས་དྲོན་མོ་སེམས་ངོར་ལྷོད་ཀྱིས་ཟེགས་སོང་།།
ཡུན་རིང་འཁྱག་གིས་བཅུམ་པའི་སེམས་ཀྱི་སྤང་ཐང་འདི་ལ།།
བརྩེ་བའི་ཆར་གྱིས་བཏབས་པའི་མེ་ཏོག་དཀར་པོ་སྐྱེས་སོང་།།

        ཆར་ཞོད།

ལག་པ་སྡོད་མི་ཚུགས་པའི་མི་དག་གིས།
ས་འོག་གི་འབུ་ཙམ་ཡང་གུ་ཡངས་སུ་མ་བཏང་བར།
མཐའ་མེད་པའི་རི་རབ་དང་རྒྱ་མཚོ་བསྔོགས་ཏེ།
ཁ་རླངས་ཀྱིས་སྤྲིན་པ་ཞིག་གྲུབ།

སྤྲིན་པ་ནི་ཡི་གེ་ནག་པོ་ཞིག་རེད།
ཡི་གེ་དེ་བསམ་བཞིན་དུ་བྲིས་པ་མིན་ཀྱང་སྲིད།
ཡི་གེ་དེས་བསྟན་པའི་ཚོར་བ་དང་འཇིག་རྟེན་ནི།
ལས་དབང་གི་གཤོག་སྣེར་བབས་པའི་ཆར་ཞོད་ཐེངས་ཤིག་གོ།

ཆར་ཞོད་དེའི་རྗེས་སུ།
སེམས་བྱུང་གིས་གྲུབ་པའི་རྩྭ་ཐང་དང་སྲང་ལམ།
ཚོན་ཡལ་བའི་རི་མོར་འགྱུར་ངེས།
ལས་དབང་གི་འབོད་པ་ཡང་།
ངག་ལས་མ་ཁྲོལ་བའི་དབྱངས་རྟ་དེའོ།

ཡི་གེ་ཁ་ཤས་ལ་སེམས་ངོ་གླན་པའི།
ཆུ་བོའི་གཟུགས་བརྙན་ཇི་བཞིན་གྱི་མི་ཆུང་ལགས།
ཁྱོད་ཀྱིས་ཅི་བྱས་ཀྱང་།
རི་རབ་དང་རྒྱ་མཚོའི་ན་ཟུག་ཡི་གེ་ཁ་ཤས་ལ་བསྡུ་མི་ཐུབ་པས།
སྟོན་མཇུག་གི་སྡོང་ལོ་ལྟར་བཏང་སྙོམས་སུ་འཇོག་རོགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།