གཞི་རིམ་ཞིང་པའི་བུ་མོ་ང་ཡིས།།
གཞི་རིམ་སློབ་ཆུང་ནང་དུ་ཞུགས་ནས།།
གཞི་རིམ་བྱིས་པ་ཀུན་དང་མཚུངས་པར།།
གཞི་རྩའི་ཀ་མད་སུམ་ཅུ་བསླབས་ཡོད།།
ཆུང་འབྲིང་སློབ་གྲྭའི་སྒོ་ཐེམ་བརྒལ་ནས།།
མཐོ་རྒྱུགས་འབྲས་བུ་བཟང་པོ་ཞིག་གིས།།
རིང་ནས་སྨོན་པའི་སློབ་གྲྭ་ཆེན་མོར།།
ཤེས་བྱ་སྦྱོང་བའི་སྐལ་བཟང་ཐོབ་སོང་།།
དྲིན་ཆེན་ཕ་མ་དགའ་བའི་འཛུམ་གྱིས།།
ཟས་ནོར་སྒོར་མོ་རྫོངས་བ་བགྱིད་དེ།།
ཁ་ཏ་བསླབ་བྱའི་གདམས་ངག་མང་པོས།།
སློབ་གླིང་ཆེན་མོར་སྐྱེལ་མ་བྱས་སོང་།།
རང་ཡུལ་ལུང་པའི་ལ་རྒྱ་བཏེགས་ཏེ།།
རང་གི་དམིཊ་པའི་ཕུགས་བསམ་འཚོལ་ཕྱིར།།
རང་ཉིད་དགའ་བའི་སྦྱོང་རིགས་ཀུན་ལ།།
རང་གིས་བརྩོན་པས་འབད་པ་བྱ་སྙམ།།
དམ་པའི་བཤེས་གཉེན་ཞབས་ལ་བཏུད་དེ།།
དམ་ཆོས་ལུགས་དང་མཐུན་པའི་སྤྱོད་པས།།
དམ་པའི་སྐྱེས་བུའི་རྣམ་ཐར་སྐྱོང་བའི།།
དམ་ཚིག་སྙིང་གི་དབུས་སུ་བཅངས་ཡོད།།
ཡིད་འོང་མཛེས་སྡུག་སློབ་ཆེན་ནང་དུ།།
ཞོགས་པ་ལངས་པའི་སྔ་མ་ང་ཡིན།།
དགོང་མོ་ཉལ་བའི་ཕྱི་མ་ངས་བྱས།།
དཔེ་ཆ་སྣ་ཚོགས་ནན་གྱིས་བཀླགས་ཡོད།།
དྲིན་ཆེན་ཕ་མའི་དྲིན་ལན་མཇལ་ཞིང་།།
སྦྱོང་རིགས་ཀུན་ལ་འབད་བརྩོན་བྱས་ཏེ།།
གནས་ལྔ་རིག་པ་ཁོང་དུ་ཆུད་པའི།།
མཁས་པའི་གོ་འཕང་མྱུར་དུ་ལེན་སྙམ།།
སྐྱེས་སྟོབས་ཤེས་རབ་ལེགས་པའི་ང་ཡིས།།
ཉིན་མོའི་ཟས་དང་མཚན་མོའི་གཉིད་ཆག།
རྒྱ་བོད་དབྱིན་གྱི་སྐད་ཡིག་ཀུན་ལ།།
བརྩོན་པས་གྲུབ་འབྲས་བཟང་པོ་ཐོབ་བྱུང་།།
ཟླ་འགའ་སོང་རྗེས་སློབ་གྲོགས་ཕན་ཚུན།།
ཆ་རྒྱུས་ཡོད་པའི་གྲོགས་མོ་གྱུར་ཏེ།།
འདུ་འཛི་ཆེ་བའི་གྲོང་ཁྱེར་དེ་ནས།།
མཉམ་དུ་རྩེད་མཚར་ཀུ་རེ་བྱས་ཡོད།།
ཨ་མཚར་སྣང་བས་ཁྲོམ་སྲང་ཀུན་ཏུ།།
ཁཱ་ལ་ཨོ་ཁེ་ཁཱ་ཧྥེ་ཁང་སོགས།།
ལྟད་མོ་སྣ་ཚོགས་ལོངས་སུ་སྤྱད་པས།།
རང་གི་འོས་འགན་རྨང་ནས་བརྗེད་སོང་།།
ཨ་མའི་ལག་པའི་སེར་ཁ་དེ་དང་།།
ཨ་ཕའི་ཐོད་པའི་གཉེར་མ་དེ་གཉིས།།
གཉེན་ཉེ་ཕུ་ནུའི་རེ་བ་དེ་གསུམ།།
བརྗེད་ངེས་རྐུན་པོས་རིང་དུ་དབྱུགས་སོང་།།
ད་དུང་ཉིན་མ་དེ་ནས་བཟུང་སྟེ།།
སློབ་དཔོན་རྣམ་པས་སློབ་ཁྲིད་བྱེད་སྐབས།།
ཡིད་ཀྱི་དྲན་པ་རྒྱ་གྲོང་ཁྲོམ་གྱི།།
རྩེད་དགའི་གླུ་དང་ཞབས་བྲོར་ཤོར་སོང་།།
ཆང་ཁང་ནང་གི་མི་ཚོགས་གསེབ་ཏུ།།
ཆང་རྐྱལ་གྲོགས་དང་གྲོགས་མོ་བོས་ནས།།
ཆང་གིས་མྱོས་ནས་གཉིད་མ་སད་ཀྱིས།།
ཆང་གཞས་གཏོང་བར་དུས་ཚོད་འགོར་སོང་།།
ཞིམ་པོའི་ཟས་དང་མཛེས་པའི་གོས་ཀྱིས།།
གསར་འགྲོགས་གྲོགས་པོ་སྣེ་ལེན་དགོས་པས།།
དྲིན་ཆེན་ཕ་མས་སྐུར་བའི་སྒོར་མོས།།
ཉིན་ཞག་གསུམ་ལས་འདང་བ་མི་འདུག།
བསམས་གཞིགས་སྣ་ཚོཊ་བཏང་བའི་མཐའ་མར།།
སྒོར་མོ་ལོན་པའི་ཐབས་ཤིག་རྙེད་དེ།།
དྲིན་ཆེན་ཨ་མའི་སྐད་འཕྲིན་ནང་དུ།།
གཡོ་སྒྱུ་རྫུན་ཚིག་འདི་ལྟར་སྐུར་ཡོད།།
གྲོང་ཁྱེར་སློབ་གྲྭའི་ཟས་རིན་ཆེ་ཞིང་།།
བུ་མོའི་སྒོར་ཁུག་སྟོང་བ་ཡིན་པས།།
ལྟོགས་པས་མནར་བའི་བུ་མོའི་སེམས་ལ།།
ཤེས་བྱ་སྦྱོང་བའི་འདུན་པ་མི་འདུག།
དྲིན་ཆེན་ཕ་མ་བུ་མོར་བརྩེ་བས།།
དེ་མ་ཐག་ཏུ་ཡུལ་མིའི་དྲུང་ནས།།
བསྐྱིས་པའི་སྒོར་མོ་ང་ལ་སྐུར་ཞིང་།།
ཤེས་བྱར་བརྩོན་པའི་སྐུལ་མ་གནང་བྱུང་།།
དང་ཐོག་ཡིད་ལ་བདེ་བ་མེད་ཀྱང་།།
དེ་རྗེས་རིམ་གྱིས་རྫུན་ལ་གོམས་ནས།།
ན་དང་ནད་ལ་ཁ་རེ་གཡར་ཏེ།།
སྒོར་མོ་མང་ཙམ་ལོན་ཐབས་བྱས་ཡོད།།
ཉིན་མཚན་དབྱེར་མེད་རྣམ་གཡེང་ཆོས་ལ།།
ལང་ཚོའི་མེ་ཏོག་ཆུད་ཟོས་བཏང་བས།།
ལོ་ཟླ་དུས་ཀྱི་མྱུར་འགྲོས་རྟ་ཕོ།།
མིག་ཡ་བཙུམ་པ་ཙམ་གྱིས་ཡལ་སོང་།།
སློབ་མཐར་ཕྱིན་པའི་ཉིན་མ་དེ་ལ།།
སློབ་གྲོགས་མང་པོ་ཁ་བཏགས་བསྣམས་ནས།།
སློབ་དཔོན་རྣམས་ལ་གྱེས་ཕྱག་ཕུལ་དུས།།
ཐ་ཤལ་ང་ནི་ངོ་ཚས་མནར་སོང་།།
ད་ནི་མོ་ངན་ང་ཡི་རྒྱུད་ལ།།
དགོས་པའི་ཤེས་བྱ་རིག་གནས་མ་ཐོབ།།
མི་དགོས་ཐ་མག་ཤོ་བག་རྩེད་མོས།།
སེམས་ཀྱི་རྟ་ཕོ་ནད་ཀྱིས་ཟིན་སོང་།།
དྲིན་ཆེན་ཕ་མའི་རེ་བ་ཆེན་པོ།།
མགོ་སྟོང་བུ་མོས་རིང་དུ་བསྐྱུར་བས།།
ཡུལ་ལ་ལོག་པའི་སྤོབས་པ་མེད་ཀྱང་།།
མི་འགྲོ་ག་མེད་གང་ལ་གནས་བཅའ།།
ཨ་ཙི་ང་ནི་ཁྲེལ་མེད་བུ་མོ།།
ཨ་ཙི་ང་ཡི་མདུན་ལམ་ཅི་བྱ།།
ཨ་ཙི་ང་ཡིས་ཕ་མར་ཅི་ལབ།།
ཨ་ཙི་ང་ལས་སྐྱོ་བ་སུ་ཞིག།
ད་ནི་སྔར་བྱས་མི་དགེའི་བྱ་བར།།
འགྱོད་པ་མདའ་མོ་རྒྱུད་ལས་ཤོར་ཡང་།།
བྱ་ཐབས་བྲལ་བའི་མིག་ཆུ་ཞིག་ལས།།
སུ་དང་གང་གིས་སྐྱོབ་ཐབས་བྲལ་སོང་།།
ང་ཚོ་དུས་རབས་གསར་བའི་གཞོན་ནུས།།
ང་མིན་སུ་ཡིས་རང་ཉིད་བརླག་སྲིད།།
ང་དང་མཚུངས་པའི་སློབ་བུ་རྣམ་པ།།
ང་འདྲ་མ་བྱེད་ཕ་བཟང་བུ་ཚོ།།
རང་གི་ཁ་ཕོར་རང་གིས་མ་གཅོག།
རང་གི་མདུན་ལམ་རང་གིས་མ་གཅོད།།
རང་གི་ལ་རྒྱ་རང་གིས་མ་འདོར།།
རང་ལུས་འདོམ་གང་རང་གིས་མ་བརྫད།།
རང་བྱས་ལས་ངན་རང་ལ་འཁོར་དུས།།
རང་གཞན་སུས་ཀྱང་བཅོས་ཐབས་བྲལ་བས།།
རང་དང་གཞན་ལ་གནོད་པའི་བྱ་བར།།
རང་གིས་ཐོག་མའི་དུས་ནས་གཟབ་རོགས།། |